འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།རབ་འབྱམས་པའི་རྒྱུགས་ལ་ཞུགས་མཁན་22ཀྱི་བསྐྱར་རྒྱུགས་སྐར་གྲངས་0ཐད་ཀྱི་བརྡ་ཁྱབ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གིས་2021ལོའི་བཅའ་ཁྲིམས་(ཁྲིམས་ལུགས་རིག་པ་མིན་པ)ཀྱི་རབ་འབྱམས་ཆེད་ལས་སློབ་མ་བསྡུ་བའི་ཡིག་རྒྱུགས་ཀྱི་བསྐྱར་རྒྱུགས་རྒྱུགས་འབྲས་སྤྱི་བསྒྲགས་བྱས་ཤིང་། རྒྱུགས་ཞུགས་སློབ་མ་མང་པོར་སྐར་གྲངས་0ཡིན་པའི་ཐད་དོ་ཁུར་བྱུང་བ་རེད། ཚེས་9ཉིན་གྱི་དགོང་མོར། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གི་གཞུང་ཕྱོགས་དྲ་ཐོག་ནས་གནས་ཚུལ་གསལ་བཤད་བྱས་ཡོད།
   1.2021ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་ནས། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གིས་2021ལོའི་ཟླ་3ཚེས་28ཉིན་ནས་ཚེས་29ཉིན་བར་བཅའ་ཁྲིམས་(ཁྲིམས་ལུགས་རིག་པ་མིན་པ)ཀྱི་རབ་འབྱམས་པའི་ཆེད་ལས་སློབ་གནས་ཀྱི་ཞིབ་འཇུག་སློབ་མའི་བསྐྱར་རྒྱུགས་ སྒྲིག་འཛུགས་བྱས་ཡོད། ཟླ་3ཚེས་31ཉིན་གྱི་ཕྱི་དྲོར། འཕྲིན་ཡིག་ཅིག་ལས་ཡར་ཞུ་བྱས་དོན། བསྐྱར་རྒྱུགས་ལ་ཞུགས་པའི་རྒྱུགས་སྤྲོད་སློབ་མ་ཁག་གཅིག་གིས་ཆེད་ལས་དེའི་བསྐྱར་རྒྱུགས་ལེན་བཞིན་ཡོད་པ་དང་མཇུག་མ་བསྒྲིལ་གོང་དུ། རྒྱུགས་སྤྲོད་སློབ་མས་རང་འགུལ་ངང་བཙུགས་པའི་སྐད་འཕྲིན་ཚོགས་པ་སྟེ“21ལོའི་མི་དམངས་སློབ་ཆེན་དངོས་གཞི་ཁྲིམས་རིག་པ་མིན་པའི་རབ་འབྱམས་ཁྲིམས་ལུགས་རིག་པའི་གཅིག་གྱུར་སྐར་གྲངས་ཚོགས་པའི”ནང་བསྐྱར་རྒྱུགས་སྐོར་གྱི་ནང་དོན་བསྐུར་ཡོད་ཟེར། སློབ་གྲྭས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མགྱོགས་པོར་ལས་དོན་ཆེད་ཚན་བཙུགས་ཏེ་བརྟག་དཔྱད་ཞིབ་བསྡུར་གྱི་གོ་རིམ་སྤེལ་འགོ་བཙུགས་པ་རེད། ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་བརྟག་དཔྱད་དང་དཔང་རྟགས་འཚོལ་བསྡུ་བྱས་པ་བརྒྱུད། རྒྱུགས་སྤྲོད་སློབ་མ་དང་འབྲེལ་བ་བྱས་ནས་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་བྱས་པ་མ་ཟད། དཔང་རྟགས་ལ་ཞིབ་བསྡུར་ཡང་ཡང་བྱས་པ་བརྒྱུད། སྐད་འཕྲིན་“ཚོགས་པ”དེའི་ནང་བསྐྱར་རྒྱུགས་ལ་ཞུགས་མཁན་སློབ་མ་22ལ་བསྐྱར་རྒྱུགས་ཀྱི་ནང་དོན་སོགས་སྒྲིག་འགལ་གྱིས་ཕྱིར་བསྒྲགས་པའི་བྱ་སྤྱོད་དངོས་འབྲེལ་ཐོན་ཡོད་པ་རེད།
   2.བསྐྱར་རྒྱུགས་ནི་རྒྱལ་ཁབ་ཀྱི་ཞིབ་འཇུག་སློབ་མའི་སློབ་བསྡུའི་རྒྱུགས་ལེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཞིབ་འཇུག་སློབ་མའི་གསོ་སྐྱོང་གི་སྤུས་ཚད་དང་སློབ་གསོ་དྲང་གཞག་དང་འབྲེལ་བ་ཡོད་ལ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད།《རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་ལེན་སྒྲིག་འགལ་ངང་ཐག་གཅོད་བྱ་ཐབས》དང《ཀྲུང་གོ་མི་དམངས་སློབ་ཆེན་2021ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་རྒྱུགས་ལེན་བསྐྱར་མའི་རྒྱུགས་རའི་སྒྲིག་སྲོལ》སོགས་ཚང་མར་རྒྱུགས་རའི་སྒྲིག་སྲོལ་དང་རྒྱུགས་ལེན་སྒྲིག་ཁྲིམས་ཀྱི་བླང་བྱ་གསལ་པོར་བཀོད་ཡོད། 《ཀྲུང་གོ་མི་དམངས་སློབ་ཆེན་2021ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་བསྐྱར་རྒྱུགས་རྒྱུགས་རའི་སྒྲིག་སྲོལ》ནང“རྒྱུགས་སྤྲོད་སློབ་མས་བསྐྱར་རྒྱུགས་བྱེད་རིང་བརྙན་དང་སྒྲ་སོགས་ཕབ་མི་ཆོག་པ་དང་། ཡིག་རྒྱུགས་བཏང་རྗེས་མི་གཞན་ལ་སློབ་བསྡུའི་ཡིག་རྒྱུགས་ཀྱི་ནང་དོན་བཤད་མི་ཆོག་པ། རྒྱུགས་ཤོག་དང་ཡིག་རྒྱུགས་ཀྱི་ནང་དོན་བཅས་རྣམ་པ་གང་རུང་གི་ཐོག་ནས་གཉེན་ཉེའམ་ཡང་ན་མི་གཞན་ལ་བརྒྱུད་སྐུར་བྱེད་མི་ཆོག”ཅེས་གཏན་འབེབས་ཁ་གསལ་བྱས་ཡོད། རྒྱུགས་སྤྲོད་སློབ་མ་མི་རེ་རེས་མིང་རྟགས་བཀོད་པའི《ཀྲུང་གོ་མི་དམངས་སློབ་ཆེན་2021ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་ཁ་དན་ཚིག་གནས་ཀྱིས་བསྐྱར་རྒྱུགས་ལ་ཞུགས་པའི་ཁས་ལེན་ཡི་གེའི》ནང“བསྐྱར་རྒྱུགས་ལེན་པའི་བརྒྱུད་རིམ་ནང་སྒྲ་དང་བརྙན་མི་ཕབ་པ་དང་། བསྐྱར་རྒྱུགས་ལེན་པའི་འབྲེལ་ཡོད་ནང་དོན་ཉར་ཚགས་དང་བརྒྱུད་བསྒྲགས་མི་བྱེད་པའི་ཁག་ཐེག་བྱེད”ཅེས་ཁས་ལེན་བྱས་པ་རེད།
   རྒྱུགས་སྤྲོད་སློབ་མ་22ཀྱི་བྱ་སྤྱོད་དེ་རྒྱུགས་ལེན་བསྐྱར་མའི་དམ་བཅའ་ལས་འགལ་བ་དང་། རྒྱུགས་རའི་སྒྲིག་སྲོལ་ལས་འགལ་བ། ཡིག་རྒྱུགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་བཅས་ཡིན་པས། 《རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཀྱི་སྒྲིག་འགལ་ཐག་གཅོད་བྱ་ཐབས》ཀྱི་དོན་ཚན་ལྔ་པ་སོགས་ཀྱི་དོན་ཚན་ནང་གཏན་འབེབས་བྱས་པའི་ཡིག་རྒྱུགས་སྒྲིག་འགལ་གྱི་ཚད་ལ་སླེབས་ཡོད་པ་རེད། 《རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཀྱི་སྒྲིག་འགལ་ཐག་གཅོད་བྱ་ཐབས》ཀྱི་དོན་ཚན་དགུ་པའི་ནང་གསེས་དོན་ཚན་དང་པོའི་ནང“སློབ་ཚན་དེའི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་མེད་པར་བཟོ་བའི”སྐོར་གྱི་གཏན་འབེབས་ལ་གཞིགས་ནས། སློབ་གྲྭས་ཞིབ་འཇུག་བྱས་པ་བརྒྱུད་རྒྱུགས་སྤྲོད་སློབ་མ་22ཀྱི་བསྐྱར་རྒྱུགས་རྒྱུགས་འབྲས་མེད་པར་བཟོས་ནས་སྐར་གྲངས་ཀླད་ཀོར་དུ་གཏོང་བའི་ཐག་གཅོད་བྱས་ཡོད།