འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།སློབ་གསོ་པུས《ན་སོ་དར་ལ་མ་བབས་པའི་མིའི་སློབ་གྲྭའི་སྲུང་སྐྱོང་གཏན་འབེབས(བསམ་འཆར་
མ་ཟིན་བསྡུ་ལེན)》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་12ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་སློབ་གསོ་པུས《ན་སོ་དར་ལ་མ་བབས་པའི་མིའི་སློབ་གྲྭའི་སྲུང་སྐྱོང་གཏན་འབེབས(བསམ་འཆར་མ་ཟིན་བསྡུ་ལེན)》ཞིབ་འཇུག་བྱས་ནས་བཟོས་ཏེ། བསམ་འཆར་མ་ཟིན་ཁྱོན་58ཡོད་པ་དེ་དག་སློབ་མའི་མི་ལུས་བདེ་འཇགས་དང་། མི་གཤིས་ཁེ་དབང་། སློབ་གསོ་ཐོབ་དབང་། ངལ་གསོའི་དབང་ཆ། རྒྱུ་ནོར་དབང་ཆ་སོགས་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད། དེའི་ཁྲོད“དམིགས་བསལ་སྲུང་སྐྱོང”ཞེས་པའི་ལེའུ་ནང་སློབ་གྲྭས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ཏེ་སློབ་མའི་བརྙས་བཅོས་སྔོན་འགོག་དང་ཚོད་འཛིན་དང་། བཙན་གཡེམ་སྔོན་འགོག འདོད་སྲེད་བརྙས་བསྐོ་སྔོན་འགོག་སོགས་ཀྱི་ལས་ཀའི་ལམ་ལུགས་འཛུགས་པ་དང་། སློབ་མར་བརྙས་བཅོས་དང་། བཙན་གཡེམ། འདོད་སྲེད་བརྙད་བསྐོ་བཅས་ཀྱི་བྱེད་སྤྱོད་ལ་ཐར་པར་གཏན་ནས་མི་གཏོང་བའི་ཐག་གཅོད་ལམ་སྲོལ་འཛུགས་དགོས་པ་ཁ་གསལ་བཏོན་ཡོད།
   བརྙས་བཅོས་ལ་དམིགས་ནས་བསམ་འཆར་མ་ཟིན་ནང་ཁ་གསལ་བཏོན་དོན། སློབ་མའི་དབར་ལོ་དང་གཟུགས་པོའམ་ཡང་ན་མི་གྲངས་བཅས་ཀྱི་ཐད་ལེགས་ཆ་ལྡན་པའི་ཕྱོགས་དེས་བསམ་ངན་ཁོག་བཅུག་གམ་ཡང་ན་རྐང་བཙུགས་ནས་ཕྱོགས་གཞན་དེར་དོན་ཚན་གོང་མའི་བྱེད་སྤྱོད་སྤེལ་བའམ་ཡང་ན། དེ་མིན་གྱི་བྱེད་ཐབས་སྤྱད་ནས་ཕྱོགས་གཞན་དེར་བརྙས་བཅོས་དང་དམའ་འབེབས་བཏང་ནས། མི་ལུས་ལ་གནོད་འཚེ་དང་། རྒྱུ་ནོར་གནོད་འཚེ། བསམ་བློར་གནོད་འཚེ་བཅས་གཏོང་རིགས་བརྙས་བཅོས་བྱེད་སྤྱོད་ལ་གཏན་འཁེལ་བྱས་ན་འགྲིག དགེ་རྒན་དང་ལས་བྱེད་པས་སློབ་མས་གཤམ་གསལ་གྱི་བྱེད་སྤྱོད་སྤེལ་བ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་འཕྲལ་མར་བཀག་འགོག་བྱེད་དགོས། དཔེར་ན། ཉེས་རྡུང་གཏོང་བ་དང་། རྐང་པས་འབུད་རྒྱག་རྒྱག་པ། སྦ་རས་རྒྱག་པ་དང་སོ་རྒྱག་པ། འབུད་རྒྱག་རྒྱག་པ། ཤུགས་ཀྱིས་འཐེན་པ་སོགས་གཟུགས་པོར་གནོད་འཚེ་གཏོང་བའམ་ཡང་ན་འཇིགས་སྐུལ་གྱི་བྱེད་སྤྱོད་དང་། ངན་སྨྲས་དང་། འཕྱ་སྨོད། ཟུར་ཟ། དམའ་འབེབས་རང་བཞིན་གྱི་མིང་འདོགས་བཏགས་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་མི་གཤིས་ཀྱི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་བྱེད་པའི་བྱེད་སྤྱོད། གཞན་གྱི་རྒྱུ་དངོས་བཙན་འཕྲོག་དང་ཧམ་ཤེད་ཀྱིས་བླངས་པའམ་ཡང་ན་རྐང་བཙུགས་ནས་འཕྲོ་བརླག་བཏང་བའི་བྱེད་སྤྱོད། མི་གཞན་རྐང་བཙུགས་ནས་ཟུར་འབུད་དང་ཁེར་རྐྱང་དུ་བཞག་ནས་ཁོ་པ(ཁོ་མོ)སློབ་གྲྭའི་བྱེད་སྒོའི་ནང་ཞུགས་པའམ་ཡང་ན་སྤྱི་ཚོགས་དང་སྤེལ་རེས་བྱེད་རྒྱུར་ཤུགས་རྐྱེན་ངན་པ་བཟོས་རིགས། དྲ་རྒྱའམ་ཡང་ན་དེ་མིན་གྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་སྟངས་སྤྱད་ནས་དོན་དངོས་རྫུན་བཟོ་བྱས་ཏེ་མི་གཞན་ལ་སྐྱོན་འདོགས་པ་དང་། དཀྲོག་གཏམ་ཁྱབ་སྤེལ་ལམ་ཡང་ན་ཆ་འཕྲིན་རྫུན་མར་བརྟེན་ནས་གཞན་ལ་དམའ་འབེབས་གཏོང་བ། རྐང་བཙུགས་ནས་གཞན་གྱི་གསང་བ་བརྒྱུད་བསྒྲགས་བྱེད་པ་བཅས་ཀྱི་བྱེད་སྤྱོད་ཡིན།
   བཙན་གཡེམ་ལ་དམིགས་ནས་བསམ་འཆར་མ་ཟིན་ནང་ཁ་གསལ་བཏོན་དོན། སློབ་གྲྭས་ངེས་པར་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་དགེ་རྒན་དང་ལས་བྱེད་པ་དང་དེ་བཞིན་སློབ་གྲྭའི་ནང་ཡོད་པའི་མི་སྣས་སློབ་མའི་སེམས་ཁམས་བདེ་ཐང་ལ་གནོད་འཚེ་བཏང་བའི་བྱེད་སྤྱོད་སྤེལ་རྒྱུར་སྔོན་འགོག་དང་བཀག་འགོག་བྱེད་དགོས། དཔེར་ན། སློབ་མ་དང་དགའ་རོགས་ཀྱི་འབྲེལ་བ་དང་ལུས་འབྲེལ་གྱི་འབྲེལ་བ་དང་། སློབ་མའི་གཟུགས་པོར་འཕུར་བ་དང་རྐང་བཙུགས་ནས་གདོང་གཏུག་རྒྱག་པ་སོགས་ཀྱི་འཆལ་སྤྱོད་བྱེད་སྤྱོད་དང་། སློབ་མར་བསྙད་བསྐོ་བའམ་ཡང་ན་འཁྲིག་སྤྱོད་ཀྱི་གསང་རྟགས་ལྡན་པའི་གཏམ་སྤྱོད། སློབ་མར་ཆགས་སྲེད་དང་གཡེམ་སྦྱོར་གྱི་ནང་དོན་ལྡན་པའི་ཆ་འཕྲིན་དང་། དུས་དེབ། གློག་བརྙན་པར་གཞི། སྒྲ་འབེབས་བརྙན་འབེབས། པར་བཅས་སམ་ཡང་ན་དེ་མིན་གྱི་གཡེམ་སྦྱོར་དངོས་པོ། ན་སོ་དར་ལ་མ་བབས་པའི་མིའི་གཡེམ་སྦྱོར་དང་ཆགས་སྲེད་ཀྱི་བརྙན་ལམ་དང་པར་དང་ཡི་གེའི་དཔྱད་གཞི་ལྡན་པ། འདོད་སྲེད་བརྙད་བསྐོ་དང་བཙན་གཡེམ་གྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་བཅས་ཡིན།
   གཞན་ཡང་ན་སོ་དར་ལ་མ་བབས་པའི་མིའི་ངལ་གསོའི་དབང་ཆའི་ཐད། བསམ་འཆར་མ་ཟིན་ནང་བཏོན་དོན། སློབ་གྲྭས་སློབ་མར་གཏན་འབེབས་ཀྱི་སློབ་ཚན་འཚོགས་པའི་དུས་ཚོད་གོང་སྔ་སྣུར་ནས་གཅིག་གྱུར་གྱི་སློབ་གྲྭའི་སློབ་ཚན་སློབ་ཁྲིད་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུའི་བླང་བྱ་འདོན་མི་ཆོག་པ་དང་སློབ་མར་སློབ་གསེང་རིང་སློབ་ཁང་ནས་དོན་ཏེ་བྱེད་སྒོ་སྤེལ་རྒྱུའི་ཚོད་འཛིན་བྱེད་མི་ཆོག་པ་དང་། འོས་འགན་སློབ་གསོའི་སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་གུང་གསེང་དུས་ཚོད་དང་ངལ་གསོའི་དུས་ཚོད་དང་དེ་བཞིན་དབྱར་དགུན་གུང་གསེང་བེད་སྤྱད་ནས་སློབ་མར་གཅིག་སྡུད་གསབ་ཁྲིད་བྱེད་མི་ཆོག་པ། གཅིག་སྡུད་གསབ་ཁྲིད་སོགས་ཀྱི་བྱེད་སྟངས་སྤྱད་ནས་སློབ་མའི་ངལ་གསོའི་དུས་ཚོད་སྤྱོད་མི་ཆོག་པ། སློབ་གྲྭས་སྦྱོང་ཚན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དགེ་རྒན་ལ་གཏན་འབེབས་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་ཁྱིམ་སྦྱོང་བཀོད་སྒྲིག་འོས་འཚམ་བྱེད་རྒྱུའི་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་ལས། གཏན་འབེབས་ལས་བརྒལ་ནས་སྦྱོང་ཚན་མང་དུ་བཏང་སྟེ་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་རུ་གཏོང་མི་རུང་། སློབ་གྲྭས་ཁྱིམ་བདག་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སློབ་མའི་སློབ་སྦྱོང་དང་ངལ་གསོའི་གོམས་གཤིས་ཡག་པོ་ཐུན་མོང་ཐོག་འཇགས་པར་བྱས་ནས་སློབ་མ་ཁྱིམ་དུ་སྡོད་སྐབས་ཀྱི་གཉིད་ཉལ་བའི་དུས་ཚོད་འགན་ལེན་བྱེད་དགོས།