འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུས“མི་རིགས་ས་ཁུལ་གྱི་ཐབས་ལམ་
མང་བའི་ལས་ཞུཌ་ལ་སྐུལ་འདེད་གཏོང་རྒྱུར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་47པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་མི་རིགས་ས་ཁུལ་གྱི་ལས་ཞུགས་གནད་དོན་གྱི་གལ་ཆེའི་དམིགས་བསལ་རང་བཞིན་ལ་ངོས་འཛིན་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ། དོན་དངོས་ནས་འགོ་འཛུགས་པ་དང་གནད་སྨིན་ཇུས་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྒྱལ་གྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། མི་རིགས་ས་ཁུལ་དུ་དེ་བས་ལེགས་པ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།
   ཨུ་ཡོན་9དང་དམིགས་བསལ་གདན་ཞུས་འཐུས་མིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་ཟུར་ཚད་མི་འདྲ་བའི་ཐོག་ནས་ཇུས་འདོན་བློ་འདྲི་གནང་བ་དང་། ཨུ་ཡོན་100ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན་གནང་ཡོད། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ལས་ཞུགས་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ལས་ཞུགས་ཀྱི་ཐབས་ལམ་ཉིན་བཞིན་རྒྱ་ཆེར་གཏོང་བ། ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་མི་རིགས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། རང་བྱུང་དང་། ལོ་རྒྱུས། སྤྱི་ཚོགས་སོགས་ཀྱི་རྐྱེན་པས་མི་རིགས་ས་ཁུལ་གྱི་ལས་ཞུགས་ལ་ད་དུང་གནད་དོན་དང་འགྲན་སློང་ཁག་གཅིག་འཕྲད་པའི་ནང་ཐོན་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་ནུས་མི་འདང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཆུ་ཚད་མཐོ་པོ་མེད་པ། ལས་ཞུགས་ཞབས་ཞུའི་གོ་ཆོད་རང་བཞིན་དང་ནུས་ལྡན་རང་བཞིན་ཆེན་པོ་མེད་པ་སོགས་ཚུད་ཡོད་པས་མུ་མཐུད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།
   ཨུ་ཡོན་ཚོས། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ས་ཁུལ་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་པས་ཡུལ་བབ་དང་བསྟུན་ནས་མི་རིགས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཤར་རྒྱུད་ཀྱི་ངལ་རྩོལ་འདུས་ཆེའི་ཐོན་ལས་གཞན་སྒྱུར་དང་ལེན་བྱེད་པར་རྒྱབ་སྐྱོར་བྱས་ནས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ཏེ་དྲ་སྦྲེལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཉིན་གླའི་དཔལ་འབྱོར་དང་། ལས་སྟེགས་དཔལ་འབྱོར། སྒོ་རའི་དཔལ་འབྱོར་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་བཏང་སྟེ་མི་དེ་བས་མང་བ“རང་ས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ”བྱེད་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་དང་ཁེ་ལས་མཐུན་སྦྱོར་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང“མངགས་ཐོའི་རྣམ་པ”དང་། དངོས་སྤྱོད་རྣམ་པ། ལས་གནས་གཏན་འཁེལ་དང་གནས་གཏན་འཁེལ་བཅས་ཀྱི་སློབ་གསོའི་གསོ་སྦྱོང་བྱེད་པ། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རོགས་བྱེད་པ་བཅས་བྱས་ནས། “ཕྱོགས་གཅིག་ལས་ཞུགས་དཀའ་བ་དང་ཕྱོགས་གཞན་ཞིག་ལས་མི་བསྡུ་དཀའ་བའི”གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་སེལ་དགོས། སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་མི་རིགས་ས་ཁུལ་མཐོ་སློབ་ཀྱི་རིག་ཚན་དང་ཆེད་ལས་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མཐོ་རིམ་སློབ་གསོ་དང་ལས་ཞུགས་ཀྱི་དགོས་མཁོ་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་ཁོང་དུ་ཆུད་ཚད་དང་བེད་སྤྱོད་བྱེད་ཚད་ཆེ་རུ་བཏང་ནས་ལས་ཞུགས་ཁྲོད་ཀྱི་སྐད་བརྡའི་འགལ་རྐྱེན་རིམ་བཞིན་སེལ་དགོས། ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་ལས་ཟབ་ཏུ་གཏོང་བ་དང་། “རྫོང་རེར་སྤུས་རྟགས་རེའི”ཁྱད་ལྡན་ངལ་ལས་སྤུས་རྟགས་འཕེལ་རྒྱས་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་རང་ཤུགས་སུ་ཕྱིར་གཏོང་བྱེད་པ་ནས་གནད་སྨིན་ཕྱིར་གཏོང་བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁོང་ཚོ་ཕྱིར་སྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། མཉམ་འདྲེས་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྲིད་ཇུས་དྲིལ་བསྒྲགས་སློབ་གསོ་དང་ལས་ཞུགས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་ཡང་དག་པའི་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།