འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་12ཉིན།

༄༅།།རྒྱལ་ཡོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་
པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་11ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། 2020ལོ་ནས་བཟུང་སྤྱི་བདེ་པུའུ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་དང་། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། གཞོགས་འདེགས་དམ་ཟབ་བཅས་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་ཧྲིལ་པོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྱོན་ཁྲི་32.2རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་ཁྲི་36.1འཛིན་བཟུང་བྱས་པ། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་2720ལྷག་ཙམ་སྤྲོད་མཚམས་བཞག་པ་དང་བསྡམས་བཅད་བྱས་པ། མང་ཚོགས་མི་ཐེངས་ཁྲི་870ལ་ཁ་བསླུས་མི་ཕོག་པའི་ཁ་ཏ་བསླབ་བྱ་བྱས་པ། རིམ་རྩིས་བྱས་ན་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་1870ལྷག་ཙམ་མི་ཕོག་པ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
   ན་ནིང་ལོ་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་རིགས་གསར་པར་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་པུའུ་འབྲེལ་མཉམ་འབྲེལ་ཚོགས་འདུའི་ཐོག་རེས་སྐོར་གསར་པའི་རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ཚུན། སྤྱི་བདེ་པུའུ་དང་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་ཁག་གིས་མྱུལ་ཞིབ་རྡུང་རྡེག་དང་། ལས་རིགས་ལྟ་འདོམས། འབྱུང་རྩ་ནས་ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། སྤྱི་བདེ་པུས“ལྕགས་རི་རིང་པོ”དང“སྤྲིན་ཚོམ་རལ་གྲི”སོགས་ཀྱི་བྱ་སྤྱོད་རྒྱུན་མཐུད་ངང་སྒྲིག་འཛུགས་བྱས་ཏེ་ཉེས་ཅན་གཏེ་པོ་བཟུང་བ་དང་། ནག་ཚང་གཏོར་བ། ལས་སྟེགས་ལ་རྡུང་རྡེག་གཏོང་བ། མ་དངུལ་བསྡམས་བཅད་བཅས་བྱས་ནས་རིམས་ནད་དང་འབྲེལ་བའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། ཐོན་མང་བའི་གྱོད་གཞིར་མཉམ་དུ་འཐབ་རྩོད་བྱ་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རྒྱལ་ཡོངས་སུ་སྔ་རྗེས་སུ་གཅིག་སྡུད་ཐོག་ཉེས་ཅན་པ་བཟུང་བའི་བྱ་སྤྱོད་ཐེངས་15སྤེལ་ཡོད། ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་ལན་ཐུང་། ཀྲུང་གོ་སྒུལ་བདེ་སོགས་གཉེར་སྐྱོང་ཚོང་པ་དང་མཉམ་དུ་ཁུངས་སྣེར་བརྟེན་ནས་རྡུང་རྡེག་མགྱོགས་པོ་གཏོང་བའི་ལམ་སྲོལ་སྤྱད་དེ་མངའ་ཁོངས་ནང་ཁུལ་གྱི་ཁ་བསླུས་རྒྱག་ས་ཁྲི་1.1གཏོར་བ་དང་ཉེས་གསོག་དོགས་ཅན་མི་ཁྲི་6.9བཟུང་བ་རེད།
   གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་སྔར་བས་བཀག་འགོག་བྱ་ཆེད། སྤྱི་བདེ་པུས་བཟོ་འཕྲིན་པུའུ་དང་། མི་དམངས་དངུལ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། གློག་འཕྲིན་གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་བཅས་དང་མཉམ་འབྲེལ་ཐོག་གཱ་བསྡམས་བཅད་བྱེད་པའི་བྱ་སྤྱོད་སྤེལ་ཞིང་། བཟོ་འཕྲིན་པུས་ཆེད་དོན་བཅོས་སྒྲིག་དང་མཉམ་འབྲེལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ་གཱ་བསྡུ་ལེན་དང་གཱ་ལྐོག་ཚོང་བྱེད་པའི་གཅོང་ནད་བཅོས་སྒྲིག་བྱས་པ་དང་། མི་དམངས་དངུལ་ཁང་གིས་ཆེད་དོན་ཞིབ་བཤེར་བྱས་ཏེ་སྔ་རྗེས་སུ་དངུལ་ཁང་དང་གཏོང་སྤྲོད་སྒྲིག་གཞི་3000ལྷག་ཙམ་ལ་ཁ་ཆད་གྲོས་མོལ་དང་། བརྡ་ཁྱབ་གཏོང་བ། དུས་བཀག་དག་ཐེར་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁ་དན་ཚིག་ལ་མི་གནས་མཁན་ཁྲི་2.6ལ་ཆད་པ་བཅད་པ། གློག་འཕྲིན་གཉེར་སྐྱོང་ཚོང་པས་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་སྟོང་ཆ་གསབ་པ། ཆེས་མཐོའི་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་ཉེས་དོན་སྲིད་ཇུས་ཞིབ་འཇུག་གཏན་འཁེལ་བྱས་ཏེ“གཱ་ཉོ་ཚོང་དང་ལྐོག་ཚོང་བྱེད་མཁན”དང“ལས་རིགས་ཀྱི་ནང་རུལ་པར”རྡུག་རྡེག་ཚ་ནན་བཏང་བ་རེད། མིག་སྔའི་བར་རྒྱལ་ཡོངས་སུ་ཁྱོན“གཱ་གཉིས”ཀྱི་ཁྲིམས་འགལ་ཉེས་གསོག་ཚོགས་པ་ཁྲི་1.2གཏོར་བ་དང་། ཉེས་གསོག་དོགས་ཅན་ཁྲི་21.3བཟུང་བ། ལག་ཐོགས་ཁ་པར་གྱི་གཱ་ཁྲི་328.6དང་དངུལ་ཁང་གི་གཱ་ཁྲི་19.1གཞུང་བཞེས་བཏང་བ། ལས་རིགས་ཀྱི“ནང་རུལ་པ”422ལ་ཞིབ་བཤེར་ཐག་གཅོད་བྱས་པ། གཉེར་སྐྱོང་ས་ཚིགས་དང་སྒྲིག་གཞི་ཁྲི་1.2ལ་ཆད་པ་བཅད་པ་རེད།