འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་8ཉིན།

༄༅།།2021ལོར་རྒྱལ་ཡོངས་སུ་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ཁྲི་8.4བསྡུ་རྒྱུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་08ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། དུས་རབས་གསར་པའི་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སློབ་གསོ་པུའུ་དང་ནོར་སྲིད་པུས《2021ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་ཆེད་བཙུགས་ལས་གནས་འཆར་གཞི་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་པར་འགྲེམ་བྱས་ཤིང་། རྒྱལ་ཡོངས་སུ་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་84330གདན་ཞུ་བྱ་རྩིས་ཡོད་པ་རེད།

   བརྡ་ཐོའི་ནང་2021ལོར་ཀྲུང་དབྱང་གི“ཆེད་བཙུགས་ལས་གནས་འཆར་གཞི”དེ་སྔར་བཞིན་དབུས་རྒྱུད་དང་ནུབ་རྒྱུད་ཞིང་ཆེན་ལ་ཕྱོགས་ནས་ལག་བསྟར་བྱས་ཏེ“ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”དང་། དེ་སྔའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ས་ཁུལ། གྲངས་ཉུང་མི་རིགས་ས་ཁུལ་སོགས་ལ་གཙོ་གནད་ཐོག་གཟིགས་སྐྱོང་བྱ་རྒྱུ་དང་། གྲོང་གསེབ་ཀྱི་སློབ་གྲྭར་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ཁ་སྣོན་རྒྱག་རྒྱུ་གཙོ་གནད་དུ་བཟུང་ནས་བསམ་བློ་ཆབ་སྲིད་དང་། ལུས་རྩལ་དང་རོལ་དབྱངས་མཛེས་རྩལ་གསུམ། ཕྱི་རྒྱལ་གྱི་སྐད་ཡིག ཆ་འཕྲིན་ལག་རྩལ་སོགས་དཀོན་ཞིང་ཞན་པའི་རིག་ཚན་གྱི་དགེ་རྒན་ལ་ཁ་གསབ་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་ཁ་གསལ་བསྟན་ཡོད།
   བརྡ་ཐོའི་ནང་དཀའ་ཚེགས་ཆེ་ལ་ས་ཐག་རིང་བའི་ས་ཁུལ་དང་དགོས་མཁོ་ཆེ་ལ་དཀོན་པའི་ཆེད་སྦྱོང་གི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གདན་ཞུ་བྱེད་སྐབས། གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱུགས་ལེན་གྱི་བསྡུར་ཚད་དམའ་རུ་འོས་འཚམ་གཏོང་བའམ་ཡང་ན་རྒྱུགས་ལེན་གྱི་བསྡུར་ཚད་མི་བཟོ་བ། ངོ་རྒྱུགས་ལེན་པ་དང་། ཐད་ཀར་རྟོག་ཞིབ་ཀྱི་བྱེད་ཐབས་ཐོག་ནས་ཡོངས་བསྒྲགས་གདན་ཞུ་བྱས་ཏེ་རྒྱུགས་འབྲས་ཀྱི་ཚད་ལོན་ཚད་གཞི་བཟོ་ཆོག་ཅེས་པ་དང་། དཀའ་ཚེགས་ཆེ་ལ་ས་ཐག་ཧ་ཅང་རིང་བའི་ས་ཁུལ་དང་དགེ་རྒན་གནས་མི་ཐུབ་པའི་གནས་ཚུལ་ཚབས་ཆེ་བའི་ས་ཁུལ་དུ་ས་གནས་དེ་གའི་སློབ་ཁུངས་ལ་གཟིགས་སྐྱོང་བྱེད་ཆོག ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ཡག་པོ་བྱས་ནས་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་གླ་ཕོགས་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུ་འགན་ལེན་བྱས་ཏེ། གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་ནང་ཞུགས་འཇུག་པ་དང་། ལོ་གསུམ་གྱི་ཞབས་ཞུའི་དུས་ཚོད་ཐིམ་པ་དང་། དཔྱད་ཞིབ་ཚད་ལོན་རྗེས་ལས་གནས་ཐོག་སྡོད་འདོད་ཡོད་པ་བཅས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་དུས་ཐོག་ཏུ་སྒྲིག་ཁོངས་སུ་འཇུག་རྒྱུ་དང་འབྲེལ་ལས་གནས་ཐོག་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།