འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་7ཉིན།

༄༅།།བོད་རིགས་ཐུའུ་སི་དབྱང་ཅི་ཆིང་གིས་རང་སྲོག་ལ་མ་འཛེམ་པར་རྒྱང་སྐྱོད་དམར་དམག་ལ་འབྲུ་རིགས་སྟེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་07ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུན་ཅིང་དང་། མཱ་ཧྲ། ཧུའུ་ཝུའེ་ཅེ།
 ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་རྟེན་རྫས་བཤམས་མཛོད་ཁང་དུ། ལྟ་སྐོར་བ་མང་པོས་དངུལ་གྱི་ཐམ་ག་སྒོར་སྒོར་ཞིག་ལ་ཅེར་འདུག ཐམ་ག་དེའི་དཀྱིལ་དུ་གྲོ་དང་འབྲས་ཀྱི་སྙེ་མས་བསྐོར་བའི་སའི་གོ་ལ་དང་། སྟེང་དུ་ཟོར་བ་དང་སྟ་རེ་ཞིག མཐའ་འཁོར་དུ“ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་མི་དམངས་ཨུ་ཡོན་ལྷན་ཁང་ནོར་སྲིད་མི་དམངས་ཨུ་ཡོན”ཞེས་བརྐོས་ཡོད་པ་རེད།
   རྩ་ཆེ་བའི་དངུལ་ཐམ་དེས་གསར་བརྗེའི་ཡུལ་སྐོར་བྱ་ཡུལ་ཅོ་ནེ་རྫོང་གི་ཐུའུ་སི་ཡ་མོན་དང་གྲོག་རོང་ཆེན་པོ་ལ་རྩེ་ཁོག་གི་བོད་རིགས་ཐུའུ་སི་དང་དམར་དམག་དབར་གྱི་འཆི་སྲོག་ལ་ཐུག་ཀྱང་འགྱུར་བ་མེད་པའི་མཛའ་བརྩེ་ཟབ་མོ་ཞིག་མཚོན་གྱི་ཡོད་ལ། རྒྱང་སྐྱོད་དམར་དམག་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་དེ་བས་ཀྱང་མཚོན་གྱི་ཡོད།
   1935ལོའི་ཟླ་དགུ་པར། དམར་དམག་བྱང་སྐྱོད་སྐབས་ཐེ་བོ་རྫོང་ཁོངས་ཀྱི་ལ་རྩེ་ཁོག་ཏུ་འབྱོར་ནས་རྒྱབ་མདུན་གང་དུ་ཡང་ཉེན་ཁ་ཆེན་པོ་འཕྲད།
   སྐབས་དེར་ཀན་སུའུ་ཞིང་ཆེན་ལྷོ་ནུབ་རྒྱུད་ཀྱི་རྒྱ་བོད་འདྲེས་མཚམས་ཁུལ་ཆེ་མོར་བཀོད་འདོམས་བྱེད་མཁན་ནི་ཅོ་ནེའི་ཐུའུ་སི་དཔོན་རབས་བཅུ་དགུ་པ་དབྱང་ཅི་ཆིང་ཡིན་པ་རེད། དམར་དམག་ལ་རྩེ་ཁོག་ཏུ་མ་འབྱོར་གོང་། དབྱང་ཅི་ཆིང་ལ་རྒྱབ་མདུན་གཉིས་ནས་དམར་དམག་ལ་རྒོལ་དགོས་ཞེས་གོ་མིན་ཏང་གི་བཀའ་རྒྱ་འབྱོར་མོད། ཡིན་ན་ཡང་དམར་དམག་འབྱོར་སྐབས་དབྱང་ཅི་ཆིང་གིས་ཕར་རྒོལ་རྩ་བ་ནས་མ་བྱས་པ་མ་ཟད། ད་དུང་ཐེ་བོ་རྫོང་གི་འབྲུ་མཛོད་དུ་འབྲུ་རིགས་མང་པོ་བླུགས་ནས་བཞག་པ་དེས་བཀྲེས་ལྟོགས་ཀྱིས་མནར་བའི་དམར་དམག་ལ་མཚོན་ན་ཧ་ཅང་རྩ་ཆེན་པོ་ཡིན་པ་རེད།
   དམར་དམག་གིས་དེ་འཕྲལ་འབྲུ་མཛོད་ཀྱི་སྒོ་ཕྱེ་ནས་འབྲུ་རིགས་ལེན་པའི་ཐག་བཅད་མོད། ཡིན་ན་ཡང་སྒྲིག་ཁྲིམས་དམ་པའི་དམར་དམག་དཔུང་སྡེས་རིན་པ་མེད་པར་མ་བླངས་པར་དངུལ་སྒོར་དང་གཡར་འཛིན་བྲིས་ནས་བཞག་པ་རེད། སྐབས་དེའི་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་ནོར་སྲིད་པུའི་པུའུ་ཀྲང་ལིན་པོ་ཆུས་ཀྱིས་གཡར་འཛིན་ཐོག་དངུལ་ཐམ་དེ་བརྒྱབ་པ་དང་། དེ་རྗེས་འབྲུ་རིགས་རག་པའི་དམར་དམག་གིས་སྔོན་འགྱེལ་རྗེས་མཐུད་བྱས་ནས་ལ་རྩེ་ཁོག་གི་གྲོག་རོང་ཆེན་པོ་བརྒལ་ཏེ་ཉེན་ཁ་ལས་ཐར་པ་རེད། དམར་དམག་དེ་ནས་གྱེས་སྐབས་ཐམ་ག་དེ་གཟབ་གཟབ་མ་བྱས་པར་ཐེ་བོ་རྫོང་ཁོངས་སུ་བོར་བརླག་སོང་ཞིང་རྗེས་སུ་དེ་གའི་མང་ཚོགས་ཀྱིས་རྙེད་དེ་ཉར་ཚགས་བྱས་པ་རེད།
   སྐབས་དེའི་གོ་མིན་ཏང་གི་གསར་སྒྲིག་ཧྲི་ཤོག་བཅུ་བཞི་པའི་ཧྲི་ཀྲང་ལུའུ་ཏཱ་ཁྲང་གིས“དམར་དམག་དང་ལྐོག་འབྲེལ་བྱས་པ་དང་ལ་རྩེ་ཁོག་བརྟན་སྲུང་མ་བྱས་པའི”དབྱང་ཅི་ཆིང་ལ་འཁོན་འཛིན་དྲག་པོ་བཅངས་མཐར། 1937ལོར་དབྱང་ཅི་ཆིང་གི་མངའ་འོག་དང་ངན་འབྲེལ་བྱས་ཏེ་ཁོང་གི་ཁྱིམ་མི་བདུན་པོ་ཚང་མ་བཀྲོངས་པ་རེད།
   བཀྲེས་ལྟོགས་ཀྱིས་མནར་བའི་དམར་དམག་ལ་འབྲུ་རིགས་སྤྲད་པའི་ངོ་མཚར་གྱི་གཏམ་རྒྱུད་ཅིག་དང་། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གསར་བརྗེའི་ཐུའུ་སི་ཞིག དེ་སྔར་དཀའ་སྤྱད་ཚད་མེད་བྱས་པ་ལས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་བྱུང་ཞིང་། ལ་རྩེ་ཁོག་གི་བྲག་ངོས་སུ་ལུས་པའི་མདེའུ་ཤུལ་གྱིས་དེ་སྔའི་དཀའ་ཚེགས་དང་ཚེ་སྲོག་བློས་བཏང་བའི་ངོ་མཚར་མཛད་རྗེས་མཚོན་གྱི་ཡོད། ངོ་མཚར་བའི་གཏམ་རྒྱུད་འདིར་ཀྲུང་གོ་གུང་ཁྲན་ཏང་གི་འབད་འབུངས་ལོ་རྒྱུས་ཐོག་གསེར་འོད་ལམ་ལམ་འཕྲོ་གི་ཡོད་ལ། ས་གནས་དེ་གའི་མི་རྣམས་ལ་གསར་བརྗེའི་རྐང་རྗེས་དེད་དེ་མུ་མཐུད་མདུན་དུ་བསྐྱོད་རྒྱུའི་ལྕག་སྐུལ་ཀྱང་བྱེད་ཀྱི་ཡོད་པ་རེད།
   2015ལོ་ནས་བཟུང་། ཀན་ལྷོ་ཀྲོའུ་ཡིས“ཁོར་ཡུག་གསར་བརྗེ”ཁྲིད་སྟོན་དུ་བྱས་ནས་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྔོ་ལྗང་ཁོར་ཡུག་བསྐྲུན་ནས་ལྗང་མདོག་གི་ཡུལ་སྐོར་ལམ་བུར་བསྐྱོད་པ་རེད། དབྱང་ཅི་ཆིང་དང་དམར་དམག་དབར་མཛའ་བརྩེ་ཟབ་མོ་ཆགས་ས་སྟེ་ཀན་ལྷོ་ཀྲོའུ་ཐེ་བོ་རྫོང་དང་ཅོ་ནེ་རྫོང་སོགས་ཀྱིས་ཕུན་སུམ་ཚོགས་པའི་གསར་བརྗེའི་ས་བོན་དང་ལྗང་མདོག་ཐོན་ཁུངས་ལ་བརྟེན་ནས། “ལྗང་མདོག”ཁྲོད་དུ་གསར་བརྗེའི་ས་བོན་འདུས་པ་དང་། གསར་བརྗེའི་ས་བོན་དང་ལྗང་མདོག་གཉིས་ཀ་ཡོད་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་དེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་སྟོན་གྲངས་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད།
   ཐུའུ་སི་ཡ་མོན་གྱི་ཤུལ་རྙིང་ཡོད་ས་ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོའི་དུད་ཚང་76གིས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བར་2000ལོར་གྲོང་ཚོ་ཡོངས་ལ་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་4800བྱུང་བ་རེད། “སྐྱེ་ཁམས་བཟང་པོར་བརྟེན་ནས‘གསར་བརྗེའི་གནས་མཆོག ལྗང་མདོག་དཔའ་ཡུལ’གྱི་སྤུས་རྟགས་བཏོད་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་གོ་ལེང་གིས་བཤད།
   ད་ཆའི་ཀན་ལྷོར་ལྗང་མདོག་གི་སྐྱེ་ཁམས་བཟང་པོའི་ཁྲོད་དུ་གསར་བརྗེའི་ས་བོན་དེ་བས་བཀྲག་མདངས་འཚེར་བ་དང་། གསར་བརྗེའི་སྙིང་སྟོབས་ཀྱི་ལྕག་སྐུལ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད།