འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་7ཉིན།

༄༅།།མཚོ་སྔོན་གྱིས་ལོ་བཅུའི་རིང་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1ལྷག་ཙམ་ལ་བཅོས་སྐྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་07ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་10ཡི་ནང་མཚོ་སྔོན་གྱིས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.09ལ་བཅོས་སྐྱོང་བྱས་པས་ས་ཆུ་ཤོར་བའི་རྒྱ་ཁྱོན་དང་ཤོར་ཚད་གཉིས་ཀ་ཆག་ཡོད་པ་རེད།
   2011ལོའི་ཟླ་3པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ས་ཆུ་སྲུང་འཛིན་བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་ཁྲིམས་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས་ས་ཆུ་སྲུང་འཛིན་གྱི་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཡོད། ལྷག་པར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ཆེན་དེ་ཡོངས་ཀྱིས་ཁྲིམས་ལྟར་ས་ཆུ་སྲུང་འཛིན་གྱི་ཇུས་གཞི་སྒྲིག་བཟོ་དང་སྙན་སེང་ཞུས་པའི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་1312ཟིན་པ་དང་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་ཤོར་བ་འགོག་བཅོས་ཀྱི་མ་དངུལ་སྒོར་དུང་ཕྱུར་34.2དོན་འཁྱོལ་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱིས་སྐུ་འབུམ་རྫོང་ཁ་གཡང་རྒྱུག་ཁོངས་ཆུང་ངུ་དཔེ་སྟོན་དང་མ་དཔེར་བྱས་ཏེ་སྔ་རྗེས་སུ་གཅན་ཚ་རྫོང་བྲག་དམར་ཐང་དང་། དམར་གཙང་རྫོང་སེར་ཁོག་ཤར་སོགས་རྒྱུག་ཁོངས་ཆུང་ངུའི་སྤུས་ལེགས་ལས་གྲྭ་བཏོད་ནས“སྐས་ཞིང་དང་། ཚན་རྩལ། འགྱིག་ཁེབས། ཞོག་ཁོག”བཅས་དང“སྐས་ཞིང་དང་། ཚན་རྩལ། ནས་དང་། པད་ཁ། སྲན་མ། ཡུ་གུ”སོགས་ཟུང་འབྲེལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལག་ལེན་བསྟར་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བས། ཞིང་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
   བསྡོམས་རྩིས་བྱས་པ་ལས་མངོན་པར་གཞིགས་ན། ལོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.09ལ་བཅོས་སྐྱོང་བྱས་པ་ལས་ཆུ་བེད་ལས་རིགས་ཀྱིས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3162.88བཅོས་སྐྱོང་བྱས་པ་དང་། བཅོས་སྐྱོང་ཁུལ་དུ་སྔོ་ཁེབས་ཁྱབ་རྒྱ་15%ནས་25%བར་འཕར་བ། ས་ཆ་སྤྱོད་རྒྱ་50%ནས་70%ཡན་བར་ཆེ་རུ་ཕྱིན་པ། འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་25%ཡན་འཕར་བ་བཅས་རེད།