འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།འབུ་དེ་རང་རྒྱལ་གྱི་ཞིང་ཆེན་12ལ་སླེབས་འདུག་ཡིད་གཟབ་བྱོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འབུ་དེ་རང་རྒྱལ་གྱི་ཞིང་ཆེན་12ལ་སླེབས་འདུག་ཡིད་གཟབ་བྱོས།
   མི་དམངས་དྲ་བའི་འཕྲིན། གྲོག་མ་དམར་པོ་ནི་གོ་ལ་ཧྲིལ་པོར་ངོས་འཛིན་གཅིག་མཐུན་བྱུང་བའི་ཉེན་ཁ་ཆེ་ཆེས་ལྡན་པའི་ནང་འཛུལ་སྲོག་ཆགས་བརྒྱའི་ནང་གི་རིགས་གཅིག་རེད། དེའི་ཁྱད་ཆོས་གཙོ་བོ་ནི་ངོ་རྒོལ་རང་བཞིན་ཧ་ཅང་ཆེ་ཞིང་རྨུགས་ན་དུག་གཤིས་ཆེ་བ་དེ་རེད། ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་དང་། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ་སོགས་སྡེ་ཁག་དགུ་ཡིས་རྒྱལ་ཡོངས་སུ་གྲོག་མ་དམར་པོ་མཉམ་དུ་སྔོན་འགོག་བྱེད་སྒོ་སྤེལ་འགོ་ཚུགས་ཡོད།
ཞིང་ལས་གྲོང་གསེབ་སྡེ་ཁག་གིས་གནས་ཚུལ་སྤེལ་དོན། མིག་སྔར། གྲོག་མ་དམར་པོ་ནི་རང་རྒྱལ་གྱི་ཞིང་ཆེན་12དང་རྫོང་། གྲོང་ཁྱེར། ཆུས་435ལ་སླེབས་ཡོད། ཁྱད་པར་དུ་ཉེ་བའི་ལོ་5རིང་གྲོག་མ་དམར་པོ་བྱུང་བའི་རྫོང་རིམ་པའི་སྲིད་འཛིན་ཁུལ་191གསར་དུ་བྱུང་བས་2016ལོ་དང་བསྡུར་ན་ལྡབ་གཅིག་མང་དུ་ཕྱིན་ཡོད།
   གྲོག་མ་དམར་པོ་ལ་སྐྱེས་འཕེལ་ནུས་པ་ཆེན་པོ་ལྡན།
   གྲོག་ཚང་གཅིག་ནས་ཉིན་གཅིག་ལ་གྲོག་མ་འབུམ་ཚོ་ཁ་ཤས་སྐྱེ་ཐུབ།
   གྲོག་མ་དམར་པོ་ནི་སྤྱི་ཚོགས་རང་བཞིན་གྱི་འབུ་ཞིག་ཡིན་པ་དང་། གྲོག་མའི་རིགས་གཅིག་རེད། གཟུགས་པོའི་རིང་ཚད་ལ་ཧའོ་སྨི་3ནས་ཧའོ་སྨི་7ཙམ་ཡོད། ཐོག་མའི་འབྱུང་ས་ནི་པར་ཙིར་དང་ཨ་ཀེན་ཐིན་རྒྱལ་ཁབ་ནས་ཡིན།
   གྲོག་མ་དམར་པོ་མཆེད་ཚད་མགྱོགས་ཤིང་མཆེད་ཡུལ་རྒྱ་ཆེ་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་དེ་ལ་སྐྱེས་འཕེལ་ནུས་པ་ཆེན་པོ་ལྡན་པས་རེད། དེའི་གྲོག་ཚང་མང་པོ་ཞིག་ནི་གྲོག་མའི་དཔོན་མོ་མང་བའི་གྲལ་ཡིན་པ་དང་། གྲོག་ཚང་ནང་གི་གྲོག་མའི་དཔོན་མོ་བརྒྱ་ལྷག་ཟིན་ཐུབ་པ། གྲོག་མའི་དཔོན་མོ་རེ་རེས་ཉིན་རེར་གྲོག་མའི་སྒོ་ང་1500ནས་500བར་གཏོང་ཐུབ། གོ་བདེ་པོར་བཤད་ན། གྲོག་ཚང་གཅིག་གིས་ཉིན་གཅིག་ལ་གྲོག་མ་འབུམ་ཚོ་ཁ་ཤས་སྐྱེ་ཐུབ་པ་རེད།
    གཞན་ཡང་། གཤོག་པ་ཡོད་པའི་གྲོག་མ་དམར་པོའི་དཔོན་མོ་ད་དུང་སྨི་1000དང་ཐ་ན་དེ་ལས་རིང་བར་འཕུར་ནས་འོས་འཚམ་གྱི་གནས་ཤིག་བདམས་ཏེ་དེར་གྲོག་ཚང་བཅའ། བྱ་འགུལ་ཁྱབ་ཁོངས་རྒྱ་སྐྱེད་སོང་ན། གྲོག་མ་དམར་པོ་ས་གནས་དེར་གཞིས་ཆགས། དེ་ད་དུང་ཆུ་རྒྱུ་ལ་བརྟེན་ནས་མཆེད་ཐུབ་ཅིང་། ཆུ་ངོས་མཐོ་རུ་སོང་དུས་དེ་ཚོ་རུབ་རུབ་བྱས་ནས་ཆུ་ངོས་སུ་བསྡད་དེ་གཟའ་འཁོར་ཁ་ཤས་རིང་འཚོ་གནས་བྱས་ནས་ཆུ་གནས་མར་ཆགས་རྗེས་ཆུ་ངོགས་སུ་འགྲོ་གི་ཡོད།
   སྔོ་ལྗང་ཁུལ་དང་སྡོང་པོའི་རྩ་བའི་ཉེ་འཁོར་གྱི་ས་སྤུངས་ནི་དུས་རྒྱུན་མཐོང་བའི་གྲོག་མ་དམར་པོའི་གྲོག་ཚང་རེད། དབྱར་དཔྱིད་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་ཆར་ཆུ་འབེལ་བའི་དུས་ནི་གྲོག་མ་དམར་པོ་སྐྱེ་འཕེལ་མང་བའི་དུས་མཚམས་རེད། གལ་ཏེ་ས་སྤུངས་ཤིག་བསློགས་ན། དེ་ནས་གྲོག་དམར་མང་པོ་ཐོན་ཡོང་གི་རེད།
   གྲོག་མ་དམར་པོ་ལ་སྐྱེ་འཕེལ་ནུས་པ་ཆེན་པོ་ལྡན་པ་མ་ཟད་ད་དུང་གནོད་འཚེ་རང་བཞིན་ཆེན་པོའང་ལྡན། གྲོག་མ་དམར་པོ་ལ་འཇབ་རྒོལ་འཕྲད་དུས་ཚུར་རྒོལ་རང་བཞིན་དྲག་པོ་ལྡན། མིའི་རིགས་སམ་ཡང་ན་སྐྱེ་དངོས་གཞན་པ་གང་ཞིག་ལ་ཚུར་རྒོལ་བྱེད་ངེས་རེད།
   མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ལྡན་པ།
   གྲོག་མ་དམར་པོའི་དུག་ཁུག་ནང་དུག་བཤེར་འབོར་ཆེན་ལྡན་པས་མིའམ་སྲོག་ཆགས་ལ་རྨུགས་སྐྱོན་ཐེབས་མ་ཐག་དུག་བཤེར་དེ་ཤ་པགས་ནང་འཛུལ་གི་རེད།
གྲོག་མ་དམར་པོའི་དུག་བཤེར་ནང་གི་དུག་སྤྲིན་དཀར་གྱིས་ཚོར་ལྷག་ལོག་པའི་མིའི་གདོང་དམར་པོ་དང་། ཟྭ་འབྲུམ། དབུགས་རྔུབ་དཀའ་བ་བཅས་ཀྱི་ནད་རྟགས་འབྱུང་ངེས་རེད། ནད་གཞི་ལྕི་མཁན་ལ་སྐར་མ་ཁ་ཤས་ནང་དབུགས་ཆད་པ་དང་། ཐ་ན་ཚེ་ལས་འདས་སྲིད།
   2020ལོའི་ཟླ་10པར། ཀོང་ཞི་ནན་ཉིང་གི་ཕོ་གསར་ཞིག་གིས་གྲོག་ཚང་མཐོང་དུས་ཡ་མཚན་ཤེས་འདོད་ཀྱིས་འབུར་དུ་ཐོན་པའི་གྲོག་ཚང་ལ་རྡོག་པས་བརྒྱབ་རྗེས་གྲོག་སོས་རྨུགས་པས་ཕོ་གསར་ཀྱི་ལུས་པོ་ཡོངས་ལ་ཚོར་ལྷག་ལོག་ཡོད་པ་རེད།
   སྣོད་བཅུད་དོ་མཉམ་ལ་གཏོར་བརླག་གཏོང་བ།
   གྲོག་དམར་གང་དུ་སླེབས་ན་ས་གནས་དེའི་རིགས་འདྲའི་སྐྱེ་དངོས་འཚོ་གནས་མི་ཐུབ་པ་བཟོས་པ་མ་ཟད། ཐ་ན་དེ་ལས་ལྡབ་ཀྱིས་ཆེ་བའི་ཚིགས་སུག་སྲོག་ཆགས་ཀྱང་གྲོག་དམག་གི་རྒོལ་ཡུལ་དུ་འགྱུར་གྱི་ཡོད། དེས་རང་རྒྱལ་གྱི་སྐྱེས་དངོས་སྣ་མང་རང་བཞིན་ལ་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད།
   དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་བཟོ་བ།
   གཞན་ཡང། གྲོག་དམར་གྱིས་དྲོད་ལྡན་ས་ཆ་སྟེ། དཔེར་ན་གློག་ཆས་ཀྱི་སྒྲིག་ཆས་ནང་གྲོག་ཚང་བཅའ་རྒྱུ་དགའ་བས་གྲོག་དམར་མང་པོས་གློག་སྐུད་ལ་སོས་རྒྱག་གི་ཡོད་པ་དེས་གློག་རྒྱུན་ཆད་འཇུག་སྲིད་པས། དཔལ་འབྱོར་གྱི་གྱོང་གུན་སྔར་བས་ཆེ་བ་བཟོ་ངེས།
   ལམ་འགྲམ་ན་ས་སྤུངས་ཆུང་ཆུང་དེ་འདྲ་མཐོང་ཚེ་ངེས་པར་དུ་དེ་ལས་རྒྱང་དུ་འགྲོ་དགོས།
   གྲོག་མ་དམར་པོའི་གྲོག་ཚང་ངོས་འཛིན་སླ་པོ་ཡོད་ཅིང་། སྤྱི་བཏང་དུ་མཐོ་ཚད་ལ་ལི་སྨི་30ནས་ལི་སྨི་40 བར་ཡོད་པ་དང་། ཆར་པ་བབས་རྗེས་འབུར་དུ་ཐོན་གྱི་ཡོད།
   “ལམ་ཕྲན་ན་འཕྲད་ཚེ”དེར་རེག་མི་ཉན།
གྲོག་དམར་གྱི་ཚང་མཐོང་སོང་ན་དེའི་རྨུགས་སྐྱོན་འགོག་ཆེད་རྐང་པས་མ་མནོན། ལག་པས་དེ་བས་ཀྱང་མ་རེག གལ་ཏེ་དེ་གཟུགས་པོའི་ཐོག་འབྱར་སོང་ན། མགྱོགས་པོས་མར་རྡེབ་དགོས། དེ་ལྟར་མ་བྱས་ན་དེས་རྨུག་སྲིད།
   གལ་ཏེ་དེའི་རྨུགས་སྐྱོན་ཕོག་ན་ཇི་ལྟར་བྱེད་དགོས་སམ།
   གྲོག་མ་དམར་པོའི་སོས་རྨུགས་སོང་ན་སྣང་མེད་གཏན་ནས་བྱེད་མི་ཉན། རྨུགས་སྐྱོན་བྱུང་ཚད་ཡང་བ་ཡིན་ན། ①ཆུ་དྭངས་མོའམ་འདག་རྫས་ཀྱིས་རྨ་ཁར་གཙང་བཀྲུ་བྱེད་དགོས། ②ཆུ་བསིལ་མོའམ་འཁྱགས་པས་རྨུགས་སའི་རྨ་ཁར་བཀབ་དགོས། ③རྨ་ཁར་གཙང་སྒྲ་བྱ་རྒྱུར་དོ་སྣང་བྱེད་པ་ལས་ལག་པས་གཏན་ནས་འབྲད་མི་རུང་། དེ་ལྟར་བྱས་ན་མཐུད་འབྱུང་གཉན་ཁ་རྒྱས་སྐྱོན་སྔོན་འགོག་བྱེད་ཐུབ། ④དགོས་ངེས་དུས་སྨན་པའི་མཛུབ་སྟོན་འོག་དེའི་ཐད་ཀྱི་སྨན་རྫས་སྤྱད་དེ་ཚོར་ལྷག་ལོག་པའི་ཚུར་སྣང་སེལ་བ་བྱེད་དགོས།
༄༅།།འབུ་དེ་རང་རྒྱལ་གྱི་ཞིང་ཆེན་12ལ་སླེབས་འདུག་ཡིད་གཟབ་བྱོས།