འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།མོང་གོལ་ལ་བྱེ་རླུང་གཡུག་ནས་སྒོ་ཕྱུགས་ཁྲི་16ཤི་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན། མོང་གོལ་རྒྱལ་ཁབ་ཀྲུང་ཀེ་པི་ཞིང་ཆེན་སྲིད་གཞུང་གི་མི་སྣས། ཞིང་ཆེན་དེ་ལ་ཟླ་3པའི་ཟླ་དཀྱིལ་ནས་བཟུང་བྱེ་རྡུལ་རླུང་འཚུབ་ཆེན་པོ་བྱུང་ནས་གྱོང་གུད་ཚབས་ཆེན་ཐེབས་པ་སྟེ། ཚེས་29ཉིན་བར་ཞིང་ཆེན་དེར་སྒོ་ཕྱུགས་ཁྲི་16ཙམ་ཤི་བ་དང་། གཞན་ཡང་སྒོ་ཕྱུགས་ཁྲི་23ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཤད།
   ཀྲུང་ཀེ་པི་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་རྡོ་རྗེ་པཱ་ཐུར་གྱིས་མོང་གོལ་རྒྱལ་ཁབ་སྤྱི་པའི་བརྙན་འཕྲིན་ཁང་བརྒྱུད་ནས་བརྡ་ཁྱབ་བཏང་དོན། ཞིང་ཆེན་དེ་རུ་ཟླ་3ཚེས་14ཉིན་བྱེ་རླུང་འཚུབ་པའི་གནམ་གཤིས་ངན་པ་བྱུང་བ་དང་། ས་ཆ་ཁ་ཤས་སུ་རླུང་ཤུགས་ཆེས་ཆེ་བའི་སྐབས་སྐར་ཆུང་རེར་སྨི་40ཡི་ཚད་ཡིན། སྐབས་དེར་ས་ཆ་མང་ཤོས་སུ་མཐོང་ཚད་ཧ་ཅང་ཞན་པས་འཕྲལ་བསྟུན་གནས་ཚུལ་སྡེ་ཁག་གིས་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་འཚོལ་ཞིབ་བྱེད་པ་སོགས་ཀྱི་ལས་དོན་ལ་དཀའ་ཚེགས་ཆེན་པོ་བཟོས་པ་ཡོད་པ་བཤད།
   རྡོ་རྗེ་པཱ་ཐུར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་དེའི་མི་468བྱེ་རྡུལ་རླུང་འཚུབ་དྲག་པོ་བྱུང་བའི་ཁྲོད་དུ་གར་སོང་ཆ་མེད་དུ་གྱུར་བ་དང་། དེའི་ཁྲོད་ཀྱི་མི་9ནི་ཚེ་ལས་འདས་ཡོད། ཞིང་ཆེན་ཡོངས་ཀྱི་སྒོ་ཕྱུགས་ཁྲི་370ཁྲོད་ཁྲི་210ཙམ་གང་སར་ཐོར་བའམ་གར་སོང་ཆ་མེད་དུ་གྱུར་ཡོད། ས་ཆ་མང་པོར་གློག་དང་ཆུ་ཆད་ཡོད་ཅིང་། སོག་གུར་100ལྷག་ལ་གཏོར་སྐྱོན་བྱུང་ཡོད། མོང་གོལ་རྒྱལ་ཁབ་ཀྱི་ས་ཆ་ཁག་ཅིག་ཏུ་ཟླ་3ཚེས་13ཉིན་ནས་ཚེས་14ཉིན་བར་བྱེ་རྡུལ་རླུང་འཚུབ་དང་ཁ་བ་བུ་ཡུག་དྲག་པོ་འཚུབ་ནས། མི་10རྐྱེན་ལ་འཕྲད་པ་དང་། གུར་མང་པོ་དང་ཁང་པ། ར་བ་སོགས་ལ་གཏོར་སྐྱོན་ཐེབས་ཡོད། ཚེས་27ཉིན། མོང་གོལ་ལ་སླར་ཡང་བྱེ་རྡུལ་རླུང་འཚུབ་དང་ཁ་བ་བུ་ཡུག་གི་གནམ་གཤིས་བྱུང་ནས། རྒྱུ་ནོར་ལ་རིམ་པ་མི་འདྲ་བའི་གནོད་པ་ཐེབས་ཡོད། སོག་གུར་ཁ་ཤས་ལ་གཏོར་སྐྱོན་ཐེབས་པ་དང་། སྒོ་ཕྱུགས་བརྒྱ་ལྷག་གར་སོང་ཆ་མེད་གྱུར་བའམ་ཤི་སོང་ཡོད་པ་རེད།