འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།གདང་ལར་མཚོ་བོད་ལྕགས་ལམ་ལོ་བཅོ་ལྔ་སྲུང་མཁན་ལི་པེའོ་ལིན།

ང་མཁའ་ལམ་གྱི་ལམ་རྡོ་ཞིག་བྱེད་པར་འདོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

   བོད་རང་སྐྱོང་ལྗོངས་ཨ་མདོ་རྫོང་བྱང་རྒྱུད་དུ་རྩེ་མོ་དགུང་དུ་སྙེགས་འདྲའི་གདང་ལ་ཡོད་ཅིང་། འདི་ཉིད་ལོ་ངོ་ཁྲི་དུང་ཕྱུར་མང་པོའི་ནང་ས་གཞིའི་འགྱུར་ལྡོག་ལས་ཆགས་པ་ཞིག་རེད་ལ། སྔོན་མ་བོད་དང་ཕྱི་ཕྱོགས་སྤེལ་རེས་ཀྱི་འགོག་རྐྱེན་ཞིག་ཏུ་གྱུར་མོད། འོན་ཀྱང་ལོ་བཅུ་གྲངས་ཁ་ཤས་འཛུགས་སྐྲུན་བྱས་པ་བརྒྱུད་མི་རྣམས་ཀྱིས་ལག་གཉིས་ལ་བརྟེན་ནས་གདང་ལ་བརྒྱུད་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་བསྐྲུན་ཏེ་བོད་དང་ཕྱི་ཕྱོགས་འབྲེལ་བ་འགན་ལེན་བྱེད་པའི་འགྲིམ་འགྲུལ་གྱི་ལམ་གལ་ཆེན་དུ་གྱུར་ཡོད།
   ས་སློག་རྡོ་སློག་བྱེད་པའི་ལས་ཡུལ་དུ་སྐར་མ་ཁ་ཤས་ནང་པར་ཆས་ཀྱི་ཤེལ་སྒོར་ཐལ་རྡུལ་འཁོར། འཕྲུལ་འཁོར་གྱི་འུར་སྒྲའི་ཁྲོད་མཚོ་བོད་ལྕགས་ལམ་གདང་ལ་ལམ་ཐིག་འཁོར་ཁང་གི་ཀྲུའུ་རེན་ལི་པེའོ་ལིན་གྱིས་ལས་ཡུལ་དུ་ལས་མི་ཚོར་བཀོད་འདོམས་བྱེད་བཞིན་འདུག་ལ། སྐབས་འགར་ལས་མི་ངལ་གསོ་རུ་བཅུག་ནས་རང་ཉིད་ཀྱིས་འཕྲུལ་འཁོར་གཏོང་གི་འདུག
   ལྕགས་ལམ་ལམ་སྐྱོང་གི་ལས་དེ་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་རེད་ལ། མཚོ་བོད་ལྕགས་ལམ་གདང་ལའི་ལམ་ཐིག་འཁོར་ཁང་གི་ལམ་སྐྱོང་ལས་ཀ་དེ་ལས་དཀའ་ཚེགས་ཆེ་བ་ཞིག་ཡོད། གནས་དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4900ལས་བརྒལ་བ་དང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དེས་ལམ་སྐྱོང་ལས་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། “ས་བབ་དམའ་པོ་དང་བསྡུར་ན་རང་བྱུང་ཆ་རྐྱེན་ཞན་པའི་ས་མཐོར་ལྕགས་ལམ་བསྐྲུན་པ་ནི་ལས་སླ་བའི་བྱ་བ་ཞིག་མིན”ཞེས་ལི་པེའོ་ལིན་གྱི་བརྗོད།
   གནམ་གཤིས་ཧ་ཅང་ཞན་པའི་གདང་ལར་ལས་ཀ་བྱེད་པ་དེ་འགྲན་སློང་ཆེན་པོ་ཞིག་རེད་ལ། གསོ་རླུང་དཀོན་པ་དང་གྲང་ངར་ཁྲོད་ས་མཐོར་ལྕགས་ལམ་བསྐྲུན་པར་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། ཐེངས་ཤིག་ཁ་བ་བུ་ཡུག་དྲག་པོའི་ཁྲོད་ལྕགས་ལམ་ལ་སྐྱོན་ཤོར་བའི་གནས་ཚུལ་འཕྲད། ལི་པེའོ་ལིན་གྱིས་བཟོ་པ་ཚོའི་སྣེ་ཁྲིད་དེ་ཁ་བ་བུ་ཡུག་ལ་མི་འཛེམས་པར་མདུན་དུ་བསྐྱོད། ལམ་དུ་གངས་མཐུག་པོ་བབས་པས་རླངས་འཁོར་མདུན་དུ་བསྐྱོད་ཐབས་བྲལ། ལི་པེའོ་ལིན་དང་བཟོ་པ་ཚོ་རྐང་ཐང་མར་ཆུ་ཚོད་དྲུག་བདུན་ཙམ་བསྐྱོད་མཐར་མཚན་གུང་ཉམས་བཟོ་བྱ་ཡུལ་དུ་འབྱོར་བ་དང་ལམ་སེང་ཉམས་བཟོ་བྱེད་འགོ་ཚུགས།
   2006ལོར་མཚོ་བོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་གྲབས་ཡོད་པའི་སྔ་ནུབ་ཏུ་ལི་པེའོ་ལིན་ཡན་ཧྲེ་ཕིང་འཁོར་ཁང་ཟེར་བའི་གདང་ལར་ལས་སྒྱུར་བྱས། སྐབས་དེ་དུས་ཀྱི་དཀའ་ཚེགས་ཆེ་བའི་ཆ་རྐྱེན་ཕྱིར་དྲན་བྱེད་སྐབས། ལི་པེའོ་ལིན་གྱིས་ལས་ཡུལ་དུ་ཉལ་ཁང་མེད་པ་དང་ཚང་མ་སྟབས་བདེའི་ཁང་པའི་ནང་སྡོད་ཀྱི་ཡོད། དངོས་ཟོག་འགན་ལེན་བྱེད་དཀའ་བས། ལྟོ་ཡག་པོ་བཟའ་རྒྱུ་མེད། ལས་ཡུལ་དུ་ལྗིད་ཐེག་རླངས་འཁོར་གཅིག་ལས་མེད་པ་དང་རླངས་འཁོར་སྒང་དུ་བསྡད་ནས་ལས་ཡུལ་དུ་སྐྱོད་སྐབས། གྲང་རླུང་བཟོད་དཀའ་བས་ཁ་འདར་ཤོར་གྱི་ཡོད་ཅེས་བརྗོད།
   ལམ་སྐྱོང་བ་དཀྱུས་མ་ཞིག་ནས་ད་ཆ་གདང་ལའི་འཁོར་ཁང་གི་ཀྲུའུ་རེན་ལ་གྱུར་པའི་ལི་པེའོ་ལིན་གྱིས་ལྕགས་ལམ་བསྐྲུན་པའི་ལས་ཀ་ཚང་མ་བྱེད་མྱོང་ལ། ལྕགས་ལམ་ཚང་མར་རྒྱུས་མངའ་ཆེན་པོ་ཡོད། ལམ་རྒྱུད་དུ་བབས་ཚུགས་གང་ཡོད་པ་དང་དེ་དུས་བབས་ཚུགས་ཀྱི་མི་དང་བྱ་བ་ཚང་མ་ད་ཆའང་ཁོང་གི་སེམས་ལ་གསལ་པོར་ངེས་ནས་ཡོད།
   སྔར་སོང་བྱ་བའི་སྐོར་ཉན་སྐབས་སྐྱོ་སྣང་དང་དྲོ་སྐྱིད་ཅིག་ཅར་དུ་སྦྱིན་ཞིང་། 2010ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཁོང་ཡོད་སའི་བབས་ཚུགས་སུ་མ་བྱན་གླ་མི་ཐུབ་པས། ཚང་མར་ལྟོ་ཡག་པོ་ཞིག་ཟ་རྒྱུ་མེད་པ་དེ་ཁོང་གི་སེམས་ནད་ཅིག་ཏུ་གྱུར། “ཡང་ན་ཆ་རྐྱེན་སྐྱོ་བས་མ་བྱན་བྱེད་མཁན་མེད་པ་དང་། ཡང་ན་ཉིན་ཁ་ཤས་ལས་ཀ་བྱས་ནས་ལས་དགོངས་ཞུ་ཡི་ཡོད” ལི་པེའོ་ལིན་གྱིས་ཚང་མའི་ལས་ཀ་དཀའ་ལས་ཁག་པོ་ཡོད་པས། ལྟོ་ཡག་པོ་ཞིག་ཟ་རྒྱུ་མེད་ན་ག་ནས་འགྲིག་སྙམ་གྱི་ཡོད།
   ཁོང་དང་བཟའ་ཟླ་གླེང་མོལ་བྱེད་སྐབས་འཁོར་ཁང་དུ་མ་བྱན་མེད་པའི་སྐོར་དེ་བརྗོད། བཟའ་ཟླས་ཁོང་ལ་དཀའ་ངལ་འཕྲད་པ་ཤེས་རྗེས། གདང་ལར་བསྐྱོད་རྒྱུའི་ཞུ་ཡིག་ཕུལ་ཏེ་གཅིག་ནས་བཟའ་ཟླ་དང་མཉམ་འཛོམས་ཡོང་བ་དང་། གཉིས་ནས་བཟོ་པ་ཚོར་ལྟོ་བཟོ་ཐུབ་པ་བྱས།
   དེ་ལྟར་མ་བྱན་བྱས་ནས་ལོ་གཅིག་སོང་། 2010ལོར་ལོ་གསར་གནམ་གང་གི་མཚན་མོར་བཟའ་ཟླས་ཚང་མར་ཚལ་མང་པོ་བཟོས་པ་དང་ཚང་མས་དེ་རིང་ལས་ཞིམ་པ་མ་བྱུང་ཞེས་བརྗོད་བཞིན་ཧབ་ཐོབ་བརྒྱབ་ནས་བཟས། ཁ་ལག་བཟས་ཚར་རྗེས། མེ་ཕུང་གི་མཐའ་སྐོར་ཏེ་གླུ་ལེན་གར་འཁྲབ་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པ་དེ་ད་བར་ལི་པེའོ་ལིན་གྱིས་བརྗེད་པར་དཀའ།
   འདས་ཟིན་པའི་འཚོ་བའི་སྐོར་གླེང་སྐབས་ཁོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་མོད། འོན་ཀྱང་ལས་ཀའི་སྐོར་གླེང་སྐབས་ཁོང་གི་ངོ་གདོང་ནས་ནན་ཏན་གྱི་རྣམ་འགྱུར་སྟོན་གྱི་ཡོད། ཉིན་ལྟར་ཕྱི་དྲོ་ལས་ཀ་ཚར་རྗེས། ཁོང་གིས་འཁོར་ཁང་གི་ལས་བཟོའི་ཚོགས་འདུ་འཚོགས་ནས་དེ་ཉིན་འཕྲད་པའི་གནད་དོན་ཕྱོགས་སྡོམ་དང་སྐྱོན་བརྗོད་བྱེད་དགོས་སར་སྐྱོན་བརྗོད་བྱེད་ཀྱི་ཡོད།
   ལྕགས་ལམ་བསྲུངས་ནས་ད་བར་ལོ་15སོང་ཞིང་། ལི་པེའོ་ལིན་གནས་དེ་ནས་བྲལ་རྒྱུའི་བསམ་བློ་འཁོར་ཡང་། རང་ཉིད་ཀྱིས་རྒྱུས་མངའ་ཆེ་བའི་ལས་ཀ་དེ་དང་བྲལ་ཕོད་མི་ཕོད་པར་གྱུར། ཏང་ལོ་10ལྷག་ཙམ་ཡོད་པའི་ལི་པེའོ་ལིན་གྱིས་ལྕགས་ལམ་གྱི་བདེ་འཇགས་སྲུང་རྒྱུ་དེ་ནི་ཁོང་གི་འགན་འཁྲི་ཆེ་ཤོས་སུ་བརྩི་ཡི་ཡོད་ལ། ཁོང་གིས་ལས་བཟོ་ཚོར“ང་ཚོ་ཚང་མ་མཚོ་བོད་ལྕགས་ལམ་གྱི་ལམ་རྡོ་ཡིན་པས། མཉམ་དུ་གངས་ལྗོངས་ཀྱི་མཁའ་ལམ་སྲུང་དགོས”ཞེས་ཤོད་ཀྱི་ཡོད།