འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་30ཉིན།

༄༅།།མཚོ་སྐོར་འགྲན་བསྡུར་སླར་ཡང་སྤེལ་འགོ་ཚུགས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་
ལ་གསོན་ཤུགས་སྣོན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་30ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ་དང་ཀེང་ཧུའེ་ཧོང་།
   ཚེས་27ཉིན། སྐབས་ཉི་ཤུ་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་གྱི“ལྡོག་རྩིས་ཉིན་100”ཡི་བྱེད་སྒོ་མཚོ་སྔོན་ཟི་ལིང་དུ་སྤེལ་བ་རེད།
   མཚོ་སྐོར་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་ཀྲི་ཀྲུང་གིས། “ལྡོག་རྩིས་ཉིན་100”ཡི་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་ལས་སྐབས་ཉི་ཤུ་པའི་མཚོ་སྐོར་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།
   རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་བཀོད་སྒྲིག་གཞིར་བཟུང་། སྐབས་ཉི་ཤུ་པའི་མཚོ་སྐོར་འགྲན་བསྡུར་2021ལོའི་ཟླ་7ཚེས་4ཉིན་ནས་ཚེས་11ཉིན་བར་མཚོ་སྔོན་ཞིང་ཆེན་དུ་སྤེལ་རྒྱུ་དང་སྤྱིའི་ལམ་ཐག་ལ་སྤྱི་ལེ་1377ཙམ་ཡོད་པ་རེད།
   ལོ་20ཡི་རིང་། མཚོ་སྐོར་འགྲན་བསྡུར་གྱིས་སྒྱུར་བཅོས་ཁྲིད་སྟོན་དུ་བྱེད་པ་དང་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། འབད་འཐབ་ཡར་ཐོན་གྱི་ལུས་རྩལ་སྙིང་སྟོབས་དང་མཚོ་སྔོན་གསར་པའི་སྙིང་སྟོབས་མངོན་པར་བྱས་ནས། འཛམ་གླིང་གི་མིག་རྒྱང་དང་། རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་རྒྱལ་སྤྱིའི་སྤུས་རྟགས་ཀྱི་འགྲན་བསྡུར་ལ་གྱུར་པ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛམ་གླིང་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི“གསེར་བྱང”ཞིག་ཏུ་གྱུར་ཡོད།
   རིམས་ནད་ཀྱི་ཤུགས་རྐྱེན་ཕོག་རྐྱེན་2020ལོའི་སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་གཉེར་མེད།
   གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་འདི་ལོ་མཚོ་སྐོར་འགྲན་བསྡུར་ཡག་པོ་གཉེར་རྒྱུ་དེ་མཚོ་སྔོན་གྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཚོད་བགམ་ཞིག་ཡིན།
   མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཚེ་རིང་གིས། “ང་ཚོས་ཉེན་ཁའི་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་བྱེད་པ་དང་འཕོ་འགྱུར་ཁྲོད་རྣམ་པ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་ཞུགས་པ་བཅས་བྱས་ནས། ‘སྟབས་བདེ་དང་། བདེ་འཇགས། ངོ་མཚར’བཅས་ཀྱི་འགྲན་བསྡུར་གྱི་བླང་བྱ་དང‘ལྗང་མདོག་དང་། མི་ཆོས་རིག་གནས། ཞི་མཐུན’བཅས་ཀྱི་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
   ལོ་20ཡི་རིང་། མཚོ་སྔོན་པོ་དང་འགྲོགས་པའི་མཚོ་སྐོར་འགྲན་བསྡུར་ནི་མཚོ་སྔོན་གྱིས་ཕྱི་ཕྱོགས་སྒོ་དབྱེ་དང་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པའི་སྐར་ཁུང་གལ་ཆེན་དུ་གྱུར་ཡོད། སྤུས་རྟགས་ཀྱི་འགྲན་བསྡུར་དེའི་ཁྲིད་སྟོན་འོག མཚོ་སྔོན་རྩལ་འགྲན་ལུས་རྩལ་གྱི་ལམ་བུ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་ནས་རྐང་འཁོར་འགྲན་བསྡུར་སོགས་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཏེ། མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་དེ“ས་མཐོའི་ལུས་རྩལ་གྱི་འདུ་ཚོགས”དང“མི་དམངས་ཀྱི་དུས་ཆེན”དུ་དངོས་འབྲེལ་གྱུར་ཡོད།
   “ལྗང་མདོག་དང་། མི་ཆོས་རིག་གནས། ཞི་མཐུན”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལུས་རྩལ་གྱི་འགྲན་བསྡུར་ཡིན་པའི་མཚོ་སྐོར་འགྲན་བསྡུར་གྱིས“ལྗང་མདོག་འཁོར་ལོར”བརྟེན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། བྱེད་སྒོ་དེས་མཚོ་སྔོན་གྱིས་ལྗང་མདོག་དང་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གཏོད་རོགས་བྱས་ཡོད།