འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་29ཉིན།

༄༅།།ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དམིགས་བསལ་དྲན་སྐུལ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་29ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན། ཨ་ཐི་ལན་ཐ་གྲོང་ཁྱེར་ནང་དང་དེའི་ཉེ་འཁོར་ས་ཁུལ་དུ་བསྟུད་མར་མེ་མདའ་བརྒྱབ་པའི་དོན་རྐྱེན་གསུམ་བྱུང་བར་མི་8བསད་པ་དང་། དེའི་ཁྲོད་གྱི་མི་6ནི་ཨེ་ཤ་ཡའི་རྒྱུད་པའི་བུད་མེད་ཡིན་ཞིང་། དེར་ཕྱིར་སྡོད་ཀྲུང་གོ་བ་1དང་ཀྲུང་གོའི་སྤྱི་དམངས་1ཚུད་ཡོད། ཟླ་3ཚེས་20ཉིན། ཨ་རིའི་ས་ཆ་མང་པོ་ནས་“ཨེ་ཤ་ཡའི་རྒྱུད་པར་འཁོན་སེམས་འཛིན་མཚམས་ཞོག”ཅེས་པའི་བརྗོད་གཞིའི་ཁྲོམ་སྐོར་དང་འདུ་ཚོགས་སྤེལ་བ་དང་། དེ་ལ་བརྟེན་ནས་ཨ་ཐི་ལན་ཐའི་མེ་མདའ་བརྒྱབ་པའི་དོན་རྐྱེན་དང་ཨེ་ཤ་ཡའི་རྒྱུད་པ་ལ་དམིགས་པའི་དོན་རྐྱེན་ངན་པ་ལ་ངོ་རྒོལ་བྱས་པ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། ཨེ་ཤ་ཡའི་རྒྱུད་པའི་འབྲེལ་ཡོད་ཚོགས་པས་ཨེ་ཤ་ཡའི་རྒྱུད་པར་འཁོན་སེམས་འཛིན་པ་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་སྔར་བས་མང་བ་སྤེལ་རྒྱུ་དང་། ས་གནས་མང་པོར་བྱུང་བའི་ཨེ་ཤ་ཡའི་རྒྱུད་པར་འཁོན་སེམས་འཛིན་པའི་དོན་རྐྱེན་གྱིས་ཨ་རིར་ཡོད་པའི་ཨེ་ཤ་ཡའི་རྒྱུད་པ་ལ་སེམས་ཁྲལ་བསླངས་ཡོད་པ་དང་། ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་ཡོད། གཞན་ཡང་། ཨ་རིར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐེངས་མང་འབྱུང་བཞིན་པ་སྟེ། ཟླ་3ཚེས་22ཉིན། ཁོ་ལོ་ར་ཏའོ་མངའ་སྡེའི་བྷོར་ཏོའི་རང་འདེམས་ཚོང་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་10ཤི་བ་དང་། དེའི་ཁྲོད་དུ་ཉེན་རྟོག་པ་ཞིག་འདུས་ཡོད། དོན་དག་འདི་རིགས་ཀྱིས་ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་སེམས་ཁྲལ་བསླངས་ཡོད།
   ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཆེད་དུ་རྒྱ་ཆེའི་ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཏེ་ཁེ་ལས་ཀྱི་ལས་བྱེད་མི་སྣ་དང་ཕྱི་འགྲིམས་སློབ་མ། ཕྱིར་སྡོད་ཀྲུང་གོ་བ་སོགས་ཀྱིས་ངེས་པར་དུ་བདེ་འཇགས་ལ་དོགས་ཟོན་བྱེད་པ་དང་། ཨེ་ཤ་ཡའི་རྒྱུད་པ་ལ་དམིགས་པའི་མཐོང་ཆུང་དང་དྲག་ཤུགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་གནང་ཡོད། གནད་དོན་འདི་རིགས་འཕྲད་སོང་ན་ངེས་པར་དུ་སེམས་ལྷོད་ལ་བབས་ནས་ཁ་གཏད་འོས་འཚམ་འཇལ་དགོས་པ་སྟེ། ཁ་རྩོད་དང་རྡུང་རེས་ཅི་ནུས་ཀྱིས་མི་ཤོར་བ་བྱས་ནས་རང་ཉིད་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས། གལ་ཏེ་དྲག་ཤུགས་བྱ་སྤྱོད་དང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་སོང་ན། མགྱོགས་པོར་ཨ་རིར་ཉེན་ཞུའི་ཁ་པར་ཨང་གྲངས་ 911ལ་ཁ་པར་བཏང་ནས་(རྒྱ་སྐད་ཀྱི་ཞབས་ཞུ་དགོས་པའི་བླང་བྱ་བཏོན་ཆོག)རོགས་སྐྱོབ་འཚོལ་བའམ། ཡང་ན་མི་གཞན་ལ་རོགས་སྐྱོབ་ཉེན་བརྡ་གཏོང་རོགས་ཞུ་བ། དུས་ཐོག་ཏུ་སློབ་གྲྭ་དང་གླ་རྒྱག་ཡུལ་ལ་གནས་ཚུལ་བཤད་ནས་རོགས་རམ་འཚོལ་དགོས་ཤིང་། བཅའ་ཁྲིམས་དང་སྒྲིལ་སྲོལ་ལྟར་དྲང་བདེན་སྒོས་ཐག་གཅོད་དགོས་པའི་བླང་བྱ་འདོན་དགོས། དགོས་ངེས་ཀྱི་སྐབས་སུ། ཁྲིམས་ལུགས་ཀྱི་ཐབས་ལམ་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག གལ་ཏེ་གཞུང་ཚབ་དོན་གཅོད་ཁང་དང་འབྲེལ་བའི་དོན་དག་འཕྲད་སོང་ན། ཕྱི་འབྲེལ་པུའུ་གོ་ལ་ཡོངས་ཀྱི་གཞུང་ཚབ་དོན་གཅོད་སྲུང་སྐྱོང་དང་ཞབས་ཞུ་མྱུར་བསྟུན་ཁ་པར། ཡང་ན་དེར་མཐུན་གྱི་གཞུང་ཚབ་དོན་གཅོད་ཁང་གི་ལས་དོན་སྲུང་སྐྱོང་དང་རོགས་རམ་ཁ་པར་ལ་འབྲེལ་བ་བྱེད་ཆོག 
   ཕྱི་འབྲེལ་པུའུ་གོ་ལ་ཡོངས་ཀྱི་གཞུང་ཚབ་ལས་དོན་སྲུང་སྐྱོང་དང་ཞབས་ཞུ་མྱུར་བསྟུན་ཁ་པར་སྟེ་(ཆུ་ཚོད་24) +86-10-12308ཡང་ན+86-10-59913991 
   ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ལས་དོན་སྲུང་སྐྱོང་དང་རོགས་རམ་ཁ་པར་སྟེ། 
   ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་།+1-202-4952216
   ཉིའུ་ཡོག་ལ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་། +1-212-6953125
   སན་ཧྥན་སེ་སི་ཁོར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་། +1-415-2168525
   ལའོ་སི་ཨན་ཅི་ལ་སིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་།+1-213-8078052 
   ཆི་ཁ་ཀོར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་།+1-312-7800170