འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་29ཉིན།

༄༅།།ཡུལ་ཟོག་བཙོངས་ནས་ཕྱུག་འགྱུར་སྣེ་ཁྲིད་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་29ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། “ནས་ནག་རྩམ་པ་མཆོད་ན་ལུས་པོར་ཕན”ཐད་གཏོང་ལས་སྟེགས་ཤིག་གི་ཐོག སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་མཚོ་གསུམ་ཤང་ལྷ་འགོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཝུན་ཞོལ་སུང་གིས་ཡུལ་ཟོག་གི་མགྲིན་ཚབ་པ་བྱས་ཏེ་ནས་ནག་ཏན་ཞིམ་ཧུར་ཐག་འཚོང་བཞིན་ཡོད་པ་རེད།
   ལོ་38ལ་སླེབས་པའི་ཝུན་ཞོལ་སུང་ནམ་རྒྱུན་སྐད་ཆ་དེ་ཙམ་མང་པོ་མེད་མོད། གྲོང་ཚོའི་ཡུལ་ཟོག་ཚོང་སྐབས་ཝུན་ཞོལ་སུང་མི་གཅིག་མིན་པ་ལྟ་བུ་ཆགས་ཀྱི་ཡོད། གྲོང་ཚོའི་ཡུལ་ཟོག་ལ་ཀུན་གྱི་དོ་སྣང་ཐོབ་པ་དང་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་ཐུབ་ཚེ། སྐད་བརྒྱབ་ནས་མིད་པ་སྐམ་ཡང་ཝུན་ཞོལ་སུང་གིས་སྣང་བ་སྤུ་ཙམ་ཡང་གཏོང་གི་མེད།
   2019ལོའི་ཟླ་5པར་རྡོ་ཐའི་ཁོངས་གཏོགས་སུ་ལས་ཀ་བྱེད་བཞིན་པའི་ཝུན་ཞོལ་སུང་ལྷ་འགོ་གྲོང་ཚོར་ཐེངས་དང་པོར་སྐྱོད་སྐབས། རང་ཉིད་ཀྱིས་དྲ་ཐོག་ནས་ཏན་ཞིམ་བཙོངས་ཡོང་བསམ་པ་སྣང་བའི་ཡུལ་ལའང་འཆར་མྱོང་མེད། ལྷ་འགོ་གྲོང་ཚོ་དང་ལི་ཐང་རྫོང་གྲོང་དབར་བར་ཐག་སྤྱི་ལེ་40ལྷག་ཙམ་ཡོད་པ་དང་ཆ་སྙོམས་ས་བབ་སྨི་3700ཡོད་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པོ་ཡོད་པ་རེད།
   འབབ་འཕར་ཡོང་བར་ཐོན་ལས་ལ་བརྟེན་དགོས། ཝུན་ཞོལ་སུང་གིས་བརྟག་ཞིབ་ཐེངས་མང་བྱས་རྗེས་གྲོང་ཚོའི་ནས་ནག་སྤུས་ཀ་ལེགས་མོད། ཡིན་ནའང་གོང་ཆེན་པོ་ཁུག་གི་མེད་པ་དང་། ཞིང་ལས་དངོས་མང་སྟོན་ཚོགས་ཤིག་གི་ཐོག་ཁོང་གིས་གྲོང་ཚོ་གཞན་གྱི་ལས་སྣོན་ཞིབ་ཚགས་བྱས་པའི་ཞིང་ཞོར་ཐོན་ཟོག་ལ་ཚོང་ཡག་པོ་ཡོད་པ་མཐོང་བས། ཕྱིར་ལོག་རྗེས་ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོས་བསྡུར་བྱས་ཏེ། ཕྱི་མིས་རྒྱུས་མངའ་མེད་པའི་ནས་ནག་རྩམ་པ་བྲོ་བ་ཞིམ་ལ་བཟོ་ལྟ་ལེགས་པའི་ཏན་ཞིམ་ཆུང་ཆུང་བཟོས་ནས་འཚོང་རྒྱུའི་ཐག་བཅད།
   ཝུན་ཞོལ་སུང་གིས་རང་དངུལ་བཏང་ནས་སྲོ་སྒམ་ཆུང་ངུ་ཞིག་ཉོས་པ་དང་དུས་ཀྱི་ཁོམ་པ་བྱུང་མ་ཐག གྲོང་ཚོ་ཨུ་ལྷན་དུ་ཚང་མ་དང་མཉམ་དུ་ནས་ནག་རྩམ་པའི་ཟས་རིགས་སྣ་ཚོགས་བཟོ་ཡི་ཡོད། ཟླ་བ་གཉིས་གསུམ་རིང་བྲོ་བ་མི་འདྲ་བ་དང་བཟོ་དབྱིབས་མི་འདྲ་བ་བཅུ་ཕྲག་ཙམ་ཚོད་ལྟ་བྱས་ནས་བཟོས། ཕྱིས་སུ་ཆེད་ལས་མི་སྣའི་རོགས་རམ་འོག་རྒྱུ་སྤུས་དག་ལ་གོང་ཁེ་བའི་ནས་ནག་རྩམ་པའི་ཏན་ཞིམ་དངོས་སུ་བཟོ་ཐུབ་པ་རེད།
   “ལྷ་འགོ་མེ་ཏོག་གྲོང་སྡེ”ཡི་ཚོང་རྟགས་ཐོ་བཀོད་བྱས་རྗེས། ཝུན་ཞོལ་སུང་གིས་ཐོན་སྐྱེད་བཟོ་གྲྭ་དང་ཚོང་ཁང་སྔོན་ལ་ལེགས་འདེམས་བྱས་ནས་ཚོང་ཁང་གི་འགྲོ་ལུགས་གཉེར་བ་སོགས་བྱས་པ་རེད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཏན་ཞིམ་ཁྲོམ་རར་བཏོན་མ་ཐག་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་ཉེ་འཁོར་གྱི་དགའ་ཉེ་སྤུན་མཆེད་ཚང་མར་ཉོ་རུ་བཅུག་རུང་ཚོང་ལམ་དེ་ཙམ་ཡག་པོ་མ་བྱུང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་སྒོར་ཁྲི་ལྔ་དྲུག་སྤྱད་དེ་བཟོས་པའི་ཏན་ཞིམ་མཛོད་ཁང་ནང་ལུས།
   2020ལོའི་ཟླ་5པར་ཚོད་ལྟ་ཞིག་བྱེད་སྙམ་ནས་ཝུན་ཞོལ་སུང་གིས་ས་གནས་དེ་གའི“ལི་ཐང་གི་མཉམ་འདྲེས་སྨྱན་སྦྱོར”གྱི་ལས་སྟེགས་ཐོག་ཚོང་ཟོག་གི་བརྙན་ལམ་ཞིག་བཏང་། ཁོང་གིས་ལག་ཏུ་ཏན་ཞིམ་དང་། རྩམ་པ་འཁྱེར་ནས་ནན་ཏན་གྱི་ཐོན་ཟོག་འོས་སྦྱོར་བྱས། ན་གཞོན་གྱི་ཧྲུའུ་ཅི་དང་པོ་དེའི་མགོ་བོ་དཀར་པོ་ཡིན་པ་མ་ཟད་ངོ་གདོང་ལས་རྒས་ཉམས་མངོན་པ་དྲ་གྲོགས་ཚོས་མཐོང་།
   “དབུལ་སྐྱོར་ལས་བྱེད་པ་དངོས་གནས་དཀའ་ལས་ཁག་པོ་རེད” “སྐྲའང་དཀར་པོ་ཆགས་འདུག” “གཟུགས་པོར་བདག་གཅེས་གནང་རོགས”སོགས“དབུ་དཀར་ཧྲུའུ་ཅིར”དྲ་གྲོགས་མང་པོའི་དོ་སྣང་བྱུང་བ་དང་མོས་རྡེབ་དང་སེམས་ཁུར་གྱི་སྐད་ཆས་འཆར་ཤེལ་ཁེངས།
   “ཚང་མས་ང་ཚོའི་གྲོང་ཚོའི་ཐོན་ཟོག་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་མང་ཙམ་གནང་རྒྱུའི་རེ་བ་ཡོད”ཅེས་དྲ་གྲོགས་ཚོས་ཁོང་གི་སྐྲ་དཀར་ལ་དོ་ཁུར་བྱས་ཀྱང་ཝུན་ཞོལ་སུང་རང་ཉིད་ཀྱིས་སྣང་བ་གཏོང་གི་མེད། ཁོང་གིས“ངས་བྱས་པའི་ལས་ཀ་དེ་དག་དབུལ་སྐྱོར་ལས་བྱེད་པ་གཞན་དག་གིས་ཀྱང་བྱེད་ཀྱི་ཡོད། མི་ཚང་མས་བློས་གཏོང་མང་པོ་བྱས་ཡོད། ང་རང་དཀའ་ལས་ཁག་ཤོས་དེ་མ་རེད”ཅེས་བཤད།
   དེ་བས་བསམ་མི་ཕོད་པ་ཞིག་ལ་ལི་ཐང་གི་བསྟན་འཛིན་གློ་བུར་དུ་སྐད་གྲགས་ཆོད་པ་དང་སྦྲགས་ལྷ་འགོ་གྲོང་ཚོར་ཡང་ཕན་ཐོགས་བྱུང་ཡོད། དྲ་གྲོགས་འབོར་ཆེན་དྲ་ཐོག་ཚོང་ཁང་དུ་ཡོང་བ་མ་ཟད“དབུ་དཀར་ཧྲུའུ་ཅི”ཡང“དཔོད་ཕྲན་གྱི་མཚན་མོ”དང་བརྙན་འཕྲིན་ལེ་ཚན་དུ་ཞུགས་པའི་གདན་ཞུ་བྱས་ཡོད། གར་སྟེགས་གང་དུ་བསྐྱོད་ཀྱང་རུང་། སྐད་གྲགས་ཆེ་བའི་མི་སྣ་སུ་ཞིག་དང་འཕྲད་ཀྱང་རུང་ཝུན་ཞོལ་སུང་གི་སྐད་ཆ་དང་པོ་ནི“ཚོད་ལྟ་ཞིག་གནང་དང་། བྲོ་བ་གཟིགས་ཙམ་གནང་དང”ཞེས་བཤད་དེ་གྲོང་ཚོའི་ཏན་ཞིམ་ཚོང་ཐབས་བྱེད་ཀྱི་ཡོད།
   བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་ལྟར། “ད་ཆ་དྲ་ཐོག་ཚོང་ཁང་གི་ཉིན་རེའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་1ཡས་མས་ཡིན་པ་དང་ཡང་བསྐྱར་ཉོ་བར་ཡོང་མཁན་སྐུ་མགྲོན་20%ཙམ་ཟིན་གྱི་ཡོད”ཅེས་ཝུན་ཞོལ་སུང་གིས་བཤད་པ་དང་། ཁོང་གིས། དེ་སྔོན་གྲོང་མིས་ནས་ནག་ཚོང་སྐབས་རྒྱ་མ་རེར་མང་ཤོས་ལ་སྒོར་3ལས་རག་གི་མེད་པ་དང་མང་ཆེ་བ་ས་ཆ་དེ་རང་དུ་ཚོང་གི་ཡོད། ད་ཆ་ཏན་ཞིམ་བཟོས་རྗེས་གོང་ཚད་ལྡབ་འཕར་བ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་ཚོང་གི་ཡོད་ཅེས་བཤད།
   འཇོན་ཐང་ཅན་གྱིས་སྣེ་ཁྲིད་པ་དང་ཐོན་རྫས་ཀྱི་སྤུས་ཀ་དག་པོ་ཡོད་ཚེ་ཐོན་ལས་ལ་རེ་བ་ལྡན་ཡོད། ཝུན་ཞོལ་སུང་གིས་2020ལོར་ལྷ་འགོ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཟིན་པ་དང་། ད་ཆ་ནས་ནག་གི་ཐོན་ལས་རིམ་བཞིན་རྒྱུན་གཏན་གྱི་འཁོར་ལམ་ཐོག་སླེབས་པ་དང་། ཁེ་ལས་ནང་འདྲེན་བྱས་ཏེ་འཕེལ་རྒྱས་བཏང་བའི་མུའུ་ཆིག་སྟོང་གི་མེ་ཏོག་ར་བའང་གཞི་ཁྱོན་རགས་ཙམ་ཆགས་ཏེ། རྟེན་གཞིར་ལས་ཀ་བྱེད་པ་དང་། ས་ཞིང་བརྒྱུད་བཤུག་གཏོང་བ། མཉམ་སྡེབ་ཀྱི་ཁེ་བཟང་བགོ་ཤ་རྒྱག་པ་སོགས་ལས་གྲོང་མིའི་ཡོང་འབབ་དེ་བས་བརྟན་པོ་བྱུང་སྟེ་གྲོང་གསེབ་དར་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་ཡོད།