འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་25ཉིན།

༄༅།།གནམ་མཐའི་ཕུགས་འདུན།

—— མཚོ་སྔོན་ཐག་རིང་འབྲོག་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་སློབ་ཆུང་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་25ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ལོ་23ལ་སླེབས་པའི་ཟླ་བ་ཚེ་སྐྱིད་མཚོ་སྔོན་མི་རིཌ་སློབ་ཆེན་ནས་མཐར་ཕྱིན། 2020ལོའི་ཟླ་9པར་དགེ་རྒན་བསྡུ་བའི་ཡིག་རྒྱུགས་འཕྲོད་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ཟོ་སྐྱ་ཤང་ཞག་སྡོད་སློབ་ཆུང་གི་དགེ་རྒན་ཞིག་ཏུ་གྱུར།
   འབྲི་སྟོད་རྫོང་འབྲི་ཆུའི་ཆུ་འགོར་གནས་ཡོད། དེའི་ཁོངས་གཏོགས་ཁུལ་གྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་སྨི་ངོས་གྲུ་སྤྱི་ལེ་ཁྲི་5.2ཟིན་པ་དང་། ས་བབ་མཐོ་ཚད་སྨི་4700ཡོད་པའི་ཟོ་སྐྱ་ཤང་ནི་ཁུ་ཁུ་ཤི་རི་གནས་ཡུལ་ཡིན་ལ། གྲགས་ཅན་གྱི“ཁོར་ཡུག་སྲུང་སྐྱོང་པ”རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་ཕ་ཡུལ་ཡང་རེད།
   ཟོ་སྐྱ་ཤང་སྲིད་གཞུང་འབྲི་ཆུའི་ཆུ་འགོའི་ལྟེ་བར་གནས་ཤིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་240ལྷག་ཙམ་ཡོད་ལ། ལས་ཀ་དང་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན་པས་གནས་དེ་གའི་ཡུལ་མི་ཚོས“གནམ་མཐའི་ཟོ་སྐྱ”ཞེས་འབོད་ཀྱི་ཡོད།
   ཟླ་བ་ཚེ་སྐྱིད་ཀྱིས་རྒྱུན་གཏན་གྱི་སློབ་ཁྲིད་བྱེད་དགོས་པ་ཕུད་རྣམ་ཀུན་ཕྲུ་གུ་ཚོའི་ཨ་ཅག་ཀྱང་བྱེད་དགོས་ཤིང་། དགེ་རྒན་གཞན་དག་དང་མཉམ་དུ་ཞག་སྡོད་སློབ་མ་37གྱི་ཟས་གོས་གནས་མལ་ལ་ལྟ་རྟོག་བྱེད་ཀྱི་ཡོད།
    སློབ་མ་88དང་། དགེ་རྒན་11 ལས་བཟོ་9བཅས་ཕུགས་འདུན་གྱི་ཆེད་འདི་གར་ལྷན་དུ་འཛོམས་ཡོད། “ཁོར་ཡུག་སྲུང་སྐྱོང་པ”རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་མ་ཡུམ་སློབ་གྲྭའི་དགེ་སློབ་དང་ལས་བཟོ་ཚང་མ་རང་ཉིད་ཀྱི་སྤྲོ་སྣང་དང་ཕུགས་འདུན་ཡོད་པ་རེད།
   “ངའི་ཕུགས་བསམ་ནི་དགེ་རྒན་ཞིག་བྱ་རྒྱུ་དེ་ཡིན”དེ་ནི་ལོ་རིམ་བཞི་པའི་སློབ་མ་པད་མ་ཟླ་སྒྲོན་གྱིས་སློབ་ཁང་གི་གྱང་སྟེང་དུ་བྲིས་པའི་རང་ཉིད་ཀྱི་ཕུགས་བསམ་མཚོན་པའི་སྐད་ཆ་ཞིག་རེད། ཁོ་མོའི་སེམས་ནང་དགེ་རྒན་ནི་བརྩི་བཀུར་བྱེད་འོས་ཤོས་ཡིན་ཞིང་། གང་ལགས་ཤེ་ན། དགེ་རྒན་གྱིས་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་ལས་ཁོ་མོས་རྩྭ་ཐང་ཕྱི་རོལ་གྱི་འཇིག་རྟེན་མཐོང་བས་རེད།
   ཕ་ཡུལ་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་འདོད་བྱེད་ལ། སླར་ཡང་ཡངས་པའི་རྩྭ་ཐང་དུ་ལོག་འདོད་བྱེད། པད་མ་ཟླ་སྒྲོན་དང་འདྲ་བའི་ཕྲུ་གུ་མི་ཉུང་བ་སློབ་མཐར་ཕྱིན་རྗེས་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱས་ཏེ། རྩྭ་ཐང་སྟེང་གི་ཕྲུ་གུ་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་ཀྱི་ཡོད།
   དཀོན་མཆོག་རྡོ་རྗེ་གཟའ་འཁོར་རེའི་གཟའ་ལྷག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སློབ་ཚན་ལ་ཧ་ཅང་དགའ་ལ། ཁུ་ཁུ་ཤི་རིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་ཆེད་སྐུ་གཤེགས་པའི་རྒྱས་བཟང་བསོད་ནམས་དར་རྒྱས་ནི་དེ་བས་ཀྱང་ཁོང་གིས་དད་བཀུར་ཆེ་ཤོས་བྱེད་སའི་དཔའ་བོ་ཞིག་རེད། “སློབ་གསོ་ནི་ང་ཚོའི་འབྱུང་འགྱུར་གྱི་རེ་བ་ཡིན། སློབ་གསོར་དམ་འཛིན་བྱེད་པར་སྔོན་ལ་རྨང་གཞིར་དམ་འཛིན་བྱེད་དགོས། དེ་བས་ཀྱང་སློབ་ཆུང་གི་སློབ་གསོ་ནི་རྨང་གཞིའི་ནང་གི་རྨང་གཞི་རེད”ཅེས་ཟོ་སྐྱ་ཤང་ཞག་སྡོད་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་གི་ཚོམས་ཆེན་དུ་བཀལ་བའི་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་སློབ་གསོར་སྐུལ་བའི་གཏམ་དེས་སྔར་བཞིན་མི་རྣམས་ཀྱི་ཡིད་དབང་འཕྲོག་གིན་ཡོད།
   ཟོ་སྐྱ་ཤང་ཞག་སྡོད་སློབ་ཆུང་ནི་མཚོ་སྔོན་ཐག་རིང་འབྲོག་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་སློབ་ཆུང་ལ་བྱུང་བའི་འཕོ་འགྱུར་གྱི་ཟུར་ཙམ་ཞིག་རེད། འབྲི་སྟོད་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་མེ་ཏོག་མཚོ་མོས། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ས་གནས་དེ་གའི་སྲིད་གཞུང་གིས“སློབ་གསོ་ནི་དམངས་འཚོ་ཆེ་ཤོས་ཡིན་པའི”འདུ་ཤེས་ཐོག་ནས་སྲིད་གཞུང་གིས་མ་དངུལ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། ཐབས་ལམ་མང་པོར་བརྟེན་ཏེ་སློབ་གསོའི་འགྲོ་གྲོན་གྲབས་གསོག་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་སློབ་གྲྭ་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས“ཐག་ཉེ་སར་སློབ་ཞུགས”དང“སློབ་གྲྭ་ཡག་པོར་འགྲོ་བའི”འབྲོག་པ་མང་ཚོགས་ཀྱི་བུ་ཕྲུག་ཚོའི་དགོས་མཁོ་གང་ལེགས་བསྐངས་པས་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་ཐུབ་ཚད་100%ཟིན་ཡོད་ཅེས་ངོ་སྤྲོད་བྱས།
   2020ལོའི་ལོ་མཇུག་བར་འབྲི་སྟོད་རྫོང་གིས་རྫོང་རིམ་པའི་སློབ་མ་དབུལ་པོའི་རང་གྲབས་སློབ་རོགས་མ་དངུལ་དང་། ཡུལ་གཞན་གྱི་མཐོ་འབྲིང་གི་ཡིག་ཚགས་དང་གཱ་བཟོས་པའི་སློབ་མའི་སློབ་རོགས་མ་དངུལ། སློབ་རོགས་དངུལ་བུན་སོགས་རིམ་རྩིས་བྱས་ན་སྒོར་ཁྲི་4100ལྷག་ཙམ་སྤྲད་པ་ལས་སློབ་མ་མི་ཐེངས་10977ལ་ཕན་པ་ཐོབ་ཡོད།