འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་22ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེན་གྱིས་དམིགས་སུ་བཀར་ནས་ཨ་རིའི་མིང་འབོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་22ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེན་གྱིས་དམིགས་སུ་བཀར་ནས་ཨ་རིའི་མིང་འབོད་པ།
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་ནི་རིགས་རྒྱུད་མཐོང་ཆུང་མེད་པར་བཟོ་བའི་རྒྱལ་སྤྱིའི་ཉིན་མོ་རེད། ས་གནས་དེ་གའི་ཆུ་ཚོད་3དང་སྐར་མ་19ཐོགམཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྗེས་དྲན་ཚོགས་འདུ་ཚོགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས་ཤིས་ཚིག་གསུངས་ནས། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་གཅིག་མཐུན་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོད་དགོས་པ་ལས་དེ་ལ་ཁ་གཡར་ནས་རིགས་རྒྱུད་ལ་མཐོང་ཆུང་བྱེད་མི་རུང་ཞེས་འབོད་སྐུལ་གནང་བ་རེད། 
   ཀུའུ་ཐེ་ལེ་སི་ཡིས་བསྟན་དོན། གོ་ལ་ཡོངས་སུ་སྔར་བཞིན་རིགས་རྒྱུད་མཐོང་ཆུང་འདྲ་མིན་གནས་པ་སྟེ། ཧྥེ་གླིང་གི་རྒྱུད་པ་ཕྱིར་འབུད་བྱེད་པ་དང་། མི་རྒྱུད་དཀར་པོ་མཆོག་ཏུ་བརྩི་བའི་རིང་ལུགས་རྒྱས་པ། ཡིའུ་ཐའེ་པ་དང་མུའུ་སུ་ལི་ལ་རྒོལ་བ་ལ་སོགས་པའི་བྱེད་སྒོ་ལས་མི་ཚོས་གནད་དོན་དེ་མཐོང་ཐུབ་ཡོད། ཀུའུ་ཐེ་ལེ་སི་ཡིས་ཉེ་ཆར་ཨ་རིར་ཐོན་ཐེངས་མང་བའི་ཡ་གླིང་རྒྱུད་པ་ལ་དྲག་ཤུགས་སྤྱད་པའི་དོན་དག་དེ་དམིགས་སུ་བཀར་ནས་བཤད་པའི་ཐོག་ནས། ཁོང་གིས་དྲག་ཤུགས་དེ་དག་གི་རྒྱབ་ཕྱོགས་ནི་ཏོག་གསར་གློ་ཚད་རིམས་ནད་དང་ཡ་གླིང་ཟུང་དུ་སྦྲེལ་ནས་བྱུང་བའི་རིགས་རྒྱུད་མཐོང་ཆུང་རིང་ལུགས་དེ་རེད་ཅེས་པའི་ངོས་འཛིན་བྱས་པ་རེད།
    ཀུའུ་ཐེ་ལེ་སི་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིགས་རྒྱུད་རིང་ལུགས་མེད་པར་བཟོ་བའི་སྣེ་ཁྲིད་བྱེད་བཞིན་ཡོད་པ་དང་འབྲེལ་མི་ཚང་མས་རང་གི་ལ་རྒྱ་ལོངས་སྤྱོད་ཆོག་པར་སྐུལ་འདེད་བྱེད་ཀྱི་ཡོད་ཅེས་བསྟན། འདི་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་རེད་ལ། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་གདོང་ཐུག་དགོས་པའི་གནད་དོན་ཞིག་ཀྱང་ཡིན་པ་དང་། ན་གཞོན་རྣམས་ནི་མ་འོངས་པར་གནད་དོན་འདི་ཐག་གཅོད་ཐུབ་པའི་རེ་བའང་ཡིན།
   ཀུའུ་ཐེ་ལེ་སི་ཡིས། “ན་གཞོན་ཚོའི་རྣམ་འགྱུར་དང་བྱ་སྤྱོད་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་མ་འོངས་པའི་རྣམ་པ་ཐག་གཅོད་ཐུབ་ཀྱི་ཡོད། རིགས་རྒྱུད་མཐོང་ཆུང་ཞེས་པ་རྩ་བ་ཟུག་ནས་ཡུན་རིང་ཕྱིན་པའི་གནད་དོན་དེ་ཤེས་རྟོག་དང་དེར་ཁས་མི་ལེན་ཚེ་གནད་དོན་དེ་ད་གཟོད་མཇུག་སྒྲིལ་ཐུབ་ཀྱི་ཡོད། དེའི་ཕྱིར། དེ་རིང་ངས་གོ་ལ་ཡོངས་ཀྱི་ན་གཞོན་རྣམས་དང་། འགོ་ཁྲིད་མི་སྣ། དེ་བཞིན་སློབ་གསོ་གཏོང་མཁན་བཅས་ལ་འབོད་སྐུལ་བྱ་རྒྱུར། ང་ཚོས་འཛམ་གླིང་དེར་མི་ཚང་མ་སྐྱེས་པ་ནས་འདྲ་མཉམ་ཡིན་ཞེས་སློབ་སྟོན་བྱེད་དགོས”ཞེས་གསུངས།
   2021ལོའི་རིགས་རྒྱུད་མཐོང་ཆུང་མེད་པར་བཟོ་བའི་རྒྱལ་སྤྱིའི་ཉིན་མོའི་བརྗོད་གཞི་གཙོ་བོ་ནི་“གཞོན་ནུ་ཚོ་ཡར་ལངས་ནས་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད”ཅེས་པ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོག་ཡངས་དང་འདྲ་མཉམ། མཐོང་ཆུང་ལ་རྒོལ་བ་བཅས་ཀྱི་གོ་ལ་ཧྲིལ་པོའི་རིག་གནས་ལ་སྐུལ་འདེད་གཏོང་བ་མ་ཟད། ང་ཚོ་ཚང་མ་ཡར་ལངས་ནས་རིགས་རྒྱུད་ཕྱོགས་ཞེན་དང་བཟོད་བསྲན་མེད་པའི་རྣམ་འགྱུར་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཡང་བྱེད་ཀྱི་ཡོད།