འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་19ཉིན།

༄༅།།ཕྱི་འབྲེལ་པུས་བརྗོད་དོན། ཁོར་ཡུག་དང་མཁའ་རླུང་སྦགས་བཙོག་གི་གནད་དོན་ལ་རྒྱལ་མཚམས་མེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་19ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཧན་གོའི་སྨྱན་སྦྱོར་གྱིས“ཀྲུང་གོ་ནས་ཐོན་པའི་བྱེ་རྡུལ་དྲག་རླུང”གིས་ཧན་གོར་འཇབ་རྒོལ་བྱས་ཏེ་ཧན་གོའི་མཁའ་རླུང་གི་སྤུས་ཚད་ཧ་ཅང་ཞན་དུ་སོང་འདུག་ཅེས་བརྗོད་པར་དམིགས་ཏེ། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཁོར་ཡུག་དང་མཁའ་རླུང་སྦགས་བཙོག་གི་གནད་དོན་ལ་རྒྱལ་མཚམས་མེད། དེའི་ཡོང་ཁུངས་སོགས་ལ་སྡོམ་ཚིག་འགོད་པར་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་དང་ཕྱོགས་བསྡུས་དབྱེ་ཞིབ་ཀྱི་སྔོན་འགྲོའི་ཆ་རྐྱེན་དགོས་ཞེས་བརྗོད།
   ཀྲའོ་ལི་ཅན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཀྲུང་གོའི་ལྟ་ཞིབ་ཚད་ལེན་སྒྲིག་གཞིའི་དབྱེ་ཞིབ་ལྟར་ན། ད་རེས་ཀྱི་བྱེ་རྡུལ་གནམ་གཤིས་ནི་ཀྲུང་གོའི་ཕྱི་རོལ་ནས་ཐོན་པ་དང་ཀྲུང་གོ་ནི“ལམ་བརྒྱུད་ས་ཚིགས”ཙམ་རེད། མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཕྱོགས་ཀྱིས་ཉིན་ཤས་གོང་བྱེ་རྡུལ་དྲག་རླུང་གི་གནོད་འཚེའི་སྐོར་ལ་འབྲེལ་ཡོད་ཀྱི་གནས་ཚུལ་སྤེལ་ནའང་ཀྲུང་གོའི་གླེང་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ནི“ས་ཚིགས་གོང་མ”ཡིན་སྲིད་པའི་ཐད་སྐྱོན་བརྗོད་བྱས་མེད་པ་ང་ལ་དོ་སྣང་བྱུང་། ཕྱོགས་ཁག་གིས་ཚན་རིག་དང་མཐུན་ལ་དགེ་མཚན་ལྡན་པའི་རྣམ་འགྱུར་གྱི་ཐོག་ནས་འབྲེལ་ཡོད་གནད་དོན་ལ་བལྟ་བ་དང་། གླེང་ཕྱོགས་ལ་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་པ་ལས་དགོས་པ་མེད་པའི་སྦིར་སྒྲ་བཟོ་བ་དང་གང་བྱུང་དུ་ཞྭ་མོ་གཡོག་མི་རུང་ཞེས་བརྗོད།
   ཀྲའོ་ལི་ཅན་གྱིས། ཀྲུང་གོས་བྱེ་འགོག་བྱེ་བཅོས་དང་མྱ་ངམ་ཐང་བཅོས་སྒྲིག་ལ་ཚད་མཐོའི་མཐོང་ཆེན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཉེ་བའི་ལོ་ཤས་རིང་བྱེ་རྡུལ་གྱི་གནམ་གཤིས་ཀྱང་མངོན་གསལ་དོད་པོས་ཇེ་ཉུང་དུ་སོང་ཡོད། དེ་ལས་རང་རེའི་རྒྱལ་ཁབ་ལ་ཕན་ཐོགས་བྱུང་བ་མ་ཟད། ས་ཁུལ་དེ་རང་གི་མཁའ་རླུང་གི་སྤུས་ཚད་ལེགས་གཏོང་ལའང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ད་རེས་ཀྱི་བྱེ་རྡུལ་གནམ་གཤིས་ཀྱི་ཐོག་ནས་ས་ཁུལ་དེ་རང་གིས་ཁོར་ཡུག་བཅོས་སྐྱོང་གི་མཉམ་ལས་ཐད་ད་དུང་སྒྲུབ་དགོས་པའི་ལས་ཀ་མང་པོ་ཡོད་པ་མཚོན་ཡོད་ཅེས་བརྗོད།
   “ཀྲུང་གོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་ཁུལ་དེ་རང་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་མཛེས་ཤིང་གཙང་བའི་འཛམ་གླིང་ཞིག་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད”ཅེས་ཁོང་གིས་བརྗོད་ཡོད།