མི་དམངས་དྲ་བ།

༄༅།།དབང་དབྱང་གིས་ཤིན་ཅང་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་19ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ■ ཆ་ཚང་བ་དང་གནད་འཁེལ་ངང་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ལག་བསྟར་བྱས་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།
    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཤིན་ཅང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། ཆ་ཚང་བ་དང་གནད་འཁེལ་ངང་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ། ཤིན་ཅང་ལས་དོན་གྱི་དུས་བབ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམིགས་པ། ཚད་གཞི་དང་ཡང་ཡང་བསྡུར་བ་དང་དོན་དངོས་ལ་གཞིགས་ནས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཕན་ཚུན་གཅིག་གྱུར་བྱེད་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་གཙོ་གནད་མངོན་གསལ་ཡོང་བ་བྱ་རྒྱུ་གཉིས་ཕན་ཚུན་མཐུན་སྦྱོར་བཅས་བྱས་ནས་གོམ་སྟབས་བརྟན་པོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   ཚེས་14ནས་17ཉིན་བར། དབང་དབྱང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཤིན་ཅང་དུ་ཕེབས་པ་དང་ཚོགས་ཆུང་བཞི་ལ་བགོས་ནས་ཝུའུ་ལུའུ་མུའུ་ཆི་དང་། ཁ་ཧྲེ། ཐུའུ་ལུའུ་ཕན། ཧ་སྨི། ཁེ་ཙེ་ལེ་སུའུ། ཁྲང་ཅེ་སོགས་ས་ཆར་བསྐྱོད་པ་མ་ཟད། གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ ཁེ་ལས། ཏང་སྲིད་ལས་ཁུངས། ཚན་ཞིབ་སྒྲིག་གཞི། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་སོགས་སུ་ཕེབས་ནས་ཏང་ཡོན་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། མི་རིགས་ཁག་གི་མང་ཚོགས། ཆོས་ལུགས་ལས་རིགས་མི་སྣ་བཅས་དང་མཉམ་དུ“གཅིག་གཏད་གཅིག”གི་གླེང་མོལ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཕྱོགས་ཁག་གི་ལས་དོན་སྙན་སེང་ཡང་གསན་པ་རེད།
   དབང་དབྱང་གིས། ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་འཐབ་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། དཀའ་སྤྱད་ཞིབ་ཚགས་ངང་ལས་དོན་འབོར་ཆེན་བསྒྲུབས་པ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་རྩོད་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། གཞི་རིམ་རྩ་འཛུགས་དང་གཞི་རིམ་ལས་དོན་ལ་མངོན་གསལ་དོད་པོས་ཤུགས་སྣོན་ཐེབས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་ཤིན་ཅང་དུ་སྤྱི་ཚོགས་དུས་བབ་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཐོན་ཡོད། གྲུབ་འབྲས་འདི་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་འཛིན་ལྡབ་བརྒྱ་བྱེད་དགོས་ཞེས་གསུངས་པ་རེད།
   དབང་དབྱང་གིས། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་གཞོལ་བ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བའི་ཐད་གཞོལ་དགོས། ཁྲིམས་ལྟར་ཤིན་སྐྱོང་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་བཅོས་སྐྱོང་བྱེད་ཐབས་གསར་གཏོད་དང་བྱེད་ཐབས་ལེགས་སྒྲིག་དང་གནད་སྨིན་ཇུས་བསྟར་བྱས་ནས་སྤྱི་ཚོགས་དུས་བབ་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ཏེ་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཤིན་ཅང་ས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པར་བསྟུན་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཐལ་སྐྱོད་པ་མེད་པར་བཟོ་བའི་གྲུབ་འབྲས་བརྟན་དུ་གཏོང་བས་རྨང་གཞི། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན། ཆོས་སྦྱོང་བསམ་བློ་འཛུགས་སྐྱོང་གིས་འགག་རྩ། ཆོས་ལུགས་ཀྱི་ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པས་འདེགས་སྐྱོར། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པས་འགན་ལེན་བཅས་བྱས་ཏེ་ཤིན་ཅང་གི་དབྱི་སི་ལམ་གྱི་ཆོས་ལུགས་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ནང་ཤིན་ཅང་གི་ངེས་གནས་འཚོལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ནས་དམངས་འཚོའི་ཁེ་ཕན་དོན་གཉེར་མང་ཙམ་བྱེད་པ་དང་། དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཤིན་ཅང་གི་དོན་དངོས་དང་འཚམ་པའི་ཐུན་མོང་ཕྱུག་འགྱུར་གྱི་ལམ་འཚོལ་ཞིབ་བྱེད་དགོས། “དམག་དཔུང་དང་ས་གནས་བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ཏེ་པིང་ཐོན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ལྷོ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་དང་དམག་དཔུང་དང་ས་གནས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་སྐྱོང་བྱེད་རིང་གི་པིང་ཐོན་གྱི་ནུས་པ་དེ་བས་ཡག་པོ་འདོན་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"