འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་6ཉིན།

༄༅།།འཐུས་མི་དང་ཨུ་ཡོན་ཚོས་ངོས་འཛིན་གནང་དོན། ལས་ཞུགས་སྔོན་དུ་བྱེད་པ་ནི་དམངས་འཚོའི་རྩ་བ་བརྟན་
དུ་གཏོང་བ་ཞིག་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་06ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   སྲིད་ཇུས་ཀྱིས་གནད་སྨིན་ཤུགས་འདོན་བྱས་པས་ལས་ཞུགས་ཀྱི་གྲུབ་འབྲས་སྔོན་དཔག་ལས་ལེགས་པ་བྱུང་བ།
   2020ལོར་རང་རྒྱལ་ལ་ཕུལ་དུ་བྱུང་བའི་ལས་ཞུགས་ཀྱི་གྲུབ་འབྲས་ཐོབ་པ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ཁྲི་1186ཟིན་ནས་མི་ཁྲི་900ཡི་དམིགས་ཚད་ལས་འགན་ལས་བརྒལ་བ་དང་མཐོ་སློབ་སློབ་ཐོན་སློབ་མ་ལོ་མཇུག་ཏུ་ལས་ཞུགས་ཐུབ་ཚད་90%ཡན་ཟིན་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་བྱུང་ཡོད།
   “2020ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རང་རྒྱལ་གྱི་ལས་ཞུགས་དུས་བབ་སྤྱི་ཡོངས་བརྟན་པོ་ཡོད་ཁར། སྔོན་དཔག་ལས་ལེགས་པ་བྱུང་ཡོད། དེའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམངས་འཚོའི་དྲོ་སྐྱིད་མཚོན་ཡོད”ཅེས་ལུའོ་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སློབ་སྤྱི་གཞོན་པ་དང་ཨུ་ཡོན་མཱ་ཅུན་གྱིས་གསུངས་པ་རེད།
   གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་རང་རྒྱལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་དང་ཁ་འབྲལ་ཐབས་མེད།
   “ལམ་ལུགས་ཀྱི་ལེགས་ཆར་བརྟེན་ནས་ང་ཚོས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ནུས་ལྡན་བཏང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཁོར་རྒྱུག་ཤར་བགྲོད་ཡོང་བར་བྱས་ཏེ་ལས་ཞུགས་འགན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་ཅང་སུའུ་ཞིང་ཆེན་མི་སྤྱི་ཐིང་གི་ཐིང་ཀྲང་དང་འཐུས་མི་ཏའེ་ཡོན་ཧུའུ་ཡིས་གསུངས་པ་རེད།
   གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་ཞུགས་སྔོན་དུ་བྱེད་པའི་སྲིད་ཇུས་ཀྱི་གནད་སྨིན་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།
   ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་སྐབས་ཀྲུང་དབྱང་ནས་ས་གནས་བར་ཤུགས་ཚད་ཆེ་ཞིང་གནད་ལ་འཁེལ་བའི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ལས་གནས་བརྟན་པོ་ཡོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད།
   “དམིགས་བསལ་གྱི་དུས་སྐབས་སུ་དམིགས་བསལ་གྱི་བྱ་ཐབས་སྤྱོད་དགོས། ང་ཚོས་ཁུར་པོ་ཡང་དུ་གཏོང་བ་དང་། ལས་གནས་བརྟན་པོ་ཡོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་མཁོ་འདོན་ལ་ཤུགས་སྣོན་བརྒྱབ་ཡོད”ཕྱོགས་གཅིག་ནས་སྤྱི་ཚོགས་འགན་སྲུང་གྲོན་དངུལ་དུས་མཚམས་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ལས་ཤོར་འགན་བཅོལ་གྲོན་དངུལ་ལས་གནས་བརྟན་པོ་བྱུང་རྗེས་ཚུར་སློག་པ། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་བཏོན་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། དཀའ་ངལ་སེལ་བ། ད་ལྟའི་ལས་གནས་བརྟན་པོ་ཡོང་བ་བཅས་བྱས་ཡོད། ཕྱོགས་གཞན་ཞིག་ནས་དྲ་ཐོག་ནས་ལས་མི་བསྡུ་བ་དང་། ལས་རིགས་གསོ་སྦྱོང་བྱེད་པ། དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བཏོན་ནས་ལས་ཞུགས་ཀྱི་དཀའ་གནད་དང་འགག་གནད་བསལ་ཡོད་ཅེས་འཐུས་མི་ཏའེ་ཡོན་ཧུའུ་ཡིས་གསུངས་པ་རེད།
   ཁེ་ལས་སྲུང་བ་དང“ལྟོ་ཕོར”བརྟན་པོ་ཡོང་བར་བྱས་ནས་ལས་ཞུགས་སྔོན་དུ་བྱེད་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།
   “དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ཆབས་ཅིག འདི་ལོའི་ལས་ཞུགས་ཀྱི་དུས་བབ་སྤྱི་ཡོངས་བརྟན་པོ་ཡོད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་རེད”འོན་ཀྱང་དེ་དང་ཆབས་ཅིག་མིག་སྔའི་ངེས་གཏན་མེད་པ་དང་བརྟན་པོ་མེད་པའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་བ་དང་། ལས་ཞུགས་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བ། འགྲན་སློང་མང་པོ་འཕྲད་སྲིད་པ་བཅས་མཐོང་ཐུབ་པར་བྱེད་དགོས་ཞེས་ཨུ་ཡོན་མཱ་ཅུན་གྱིས་གསུངས་པ་རེད།
   མི་སྤྱི་པུའི་གྲངས་གཞི་ལས་མངོན་གསལ། འདི་ལོར་ལས་ཞུགས་བཀོད་སྒྲིག་བྱེད་དགོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་པ་སྔར་བཞིན་མི་ཁྲི་1500ཙམ་ཡོད་པ་དང་དེའི་ནང་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་909ཡོད་པས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།
   ལས་ཞུགས་ཀྱི་དུས་བབ་གསར་པ་དང་། གནས་ཚུལ་གསར་པ། འགྱུར་ལྡོག་གསར་པ་བཅས་ཀྱི་མདུན་དུ་ལས་ཞུགས་ཀྱི་དུས་བབ་ཇི་ལྟར་བྱས་ཏེ་བརྟན་པོ་ཡོང་བ་བྱེད་དགོས་སམ། འཐུས་མི་དང་ཨུ་ཡོན་རྣམ་པས་ཁེ་ལས་སྲུང་ཐུབ་ཚེ་གཞི་ནས་ལས་ཞུགས་བརྟན་པོ་ཡོང་ཐུབ་པ་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བ་ནི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་དགོས་པའི་ངོས་འཛིན་གནང་ཡོད།
   “ལས་ཞུགས་བརྟན་པོ་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་མཉེན་ཤུགས་ཆེན་པོ་ཟུར་ངོས་ནས་མཚོན་ཐུབ”2020ལོར་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་ལྡོག་འཕར་བྱུང་བ་དང་། དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ནས་ངལ་རྩོལ་པའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དང་ལས་ཞུགས་དུས་བབ་རིམ་བཞིན་བརྟན་པོ་དང་ལེཌ་སུ་ཕྱིན་ཡོད་ཅེས་ཨུ་ཡོན་མཱ་ཅུན་གྱིས་གསུངས་པ་རེད།
   “2021ལོར་ལས་ཞུགས་སྔོན་དུ་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལས་ཤོར་འགན་བཅོལ་གྲོན་དངུལ་ལས་གནས་བརྟན་པོ་བྱུང་རྗེས་ཚུར་སློག་པ་དང་ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཁྲོམ་རའི་བྱེད་པོ་བསྲུངས་ནས་ལས་ཞུགས་ཀྱི་གཞི་གདན་བརྟན་པོ་ཡོང་བ་བཅས་བྱེད་དགོས”ཞེས་མཚོ་སྔོན་ཞིང་ཆེན་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་འཐུས་མི་ཨ་ཧྲེང་ཆིང་གིས་གསུངས་པ་རེད།
   ཞབས་ཞུ་ལེགས་སུ་གཏོང་བ་དང་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བརྟན་པོ་ཡོང་བའི་མཐའ་ཚད་བརྟན་དུ་གཏོང་དགོས། འཐུས་མི་ཨ་ཧྲེང་ཆིང་གིས་འདི་ལོ་མུ་མཐུད་ལས་ཞུགས་རོགས་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ལྷག་དོན་དུ་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་གཙོ་གནད་ཐོག་ལས་ཞུགས་རོགས་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
   གསོ་སྦྱོང་བྱེད་པ་དང་རྩལ་ནུས་ཆེ་རུ་བཏང་ནས་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཐུབ་པར་བྱེད་དགོས།
    འཐུས་མི་དང་ཨུ་ཡོན་རྣམ་པས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་ལས་ཞུགས་སྤྱི་འབོར་གྱི་གནོན་ཤུགས་སྔར་བཞིན་གནས་པ་དང་། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་དེ་བས་མངོན་གསལ་དོད་དུ་སོང་ནས“ལས་མི་བསྡུ་དཀའ་བ”དང“ལས་ཞུགས་བྱེད་དཀའ་བའི”གནས་ཚུལ་མཉམ་དུ་གནས་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
   “དཔལ་འབྱོར་གྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་པ་དང་བསྟུན་ནས་མི་སྤྱོད་ཚན་པས་ངལ་རྩོལ་པའི་བྱང་ཚད་ལ་རེ་བ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་དང་ལས་གནས་གསར་པའི་དགོས་མཁོ་སྐོང་ཐུབ་པའི་བྱང་ཚད་མཐོ་ཞིང་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་མངོན་གསལ་དོད་པོས་དཀོན་དུ་འགྲོ་རྒྱུ་རེད”ཅེས་ཀོང་ཏུང་ལག་རྩལ་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་ཨུ་ཡོན་ཞུས་ལིང་གིས་གསུངས་པ་རེད།
   “‘རྩལ་ནུས་ཀྲུང་གོའི’བྱ་སྤྱོད་ལག་བསྟར་བྱས་ནས་ངལ་རྩོལ་པའི་རྩལ་ནུས་བྱང་ཚད་མཐོ་རུ་གཏོང་དགོས”རྒྱུན་རྣམ་ཅན་དང་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱས་ཏེ། ཚེ་གང་ལས་རིགས་སློབ་གསོའི་འདུ་ཤེས་འཛུགས་དགོས་ཞེས་ཨུ་ཡོན་ཞུས་ལིང་གིས་གྲོས་འགོ་བཏོན་གནང་བ་རེད།
    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནོན་ཤུགས་ཇི་ལྟར་བྱས་ནས་ཞི་ལྷོད་དུ་གཏོང་དགོས་སམ། ཧྭ་ཤིས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་འཐུས་མི་ཞུས་ཀྲོའུ་ཡིས་ལག་རྩལ་གསར་པའི་བྱེད་ཐབས་ཧུར་ཐག་སྤྱད་དེ་གཞོན་ནུ་ཚོའི་ལས་ཞུགས་ནུས་པ་དེ་བས་ལེགས་པའི་སྒོ་ནས་ཆེ་རུ་གཏོང་རོགས་བྱེད་པ་དང་དེ་བས་མྱུར་བའི་སྒོ་ནས་ལས་ཞུགས་ཁྲོམ་ར་དང་མཉམ་འདྲེས་ཐུབ་རོགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།