འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་5ཉིན།

༄༅།།འཐུས་མི་ལེང་ཡིའུ་པིན་གྱིས་གསུངས་དོན། གསར་གཏོད་བྱས་ན་ཉེན་ཁ་གོ་སྐབས་སུ་འགྱུར་སྲིད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་05ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཧྥང་ཡོན།
   “མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དུ་གནས་ཀྱང་། གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་ཡོང་བཞིན་ཡོད། གོ་སྐབས་དང་འགྲན་སློང་ཚང་མར་སྔར་བྱུང་མྱོང་མེད་པ་ཞིག་ཡིན། མདོར་བསྡུས་ནས་བཤད་ན་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད”རྒྱས་བཤད་གལ་ཆེན་དེར་ཧེ་ལུང་ཅང་ཧྥེ་ཧོ་འོ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་འཐུས་མི་ལེང་ཡིའུ་པིན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
   “འདས་ཟིན་པའི་ལོ་བཅུ་ལྷག་ཙམ་ནང་རང་རྒྱལ་གྱི་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་ལས་རིགས་ཀྱིས་དཀའ་ཚེགས་ཆེ་བའི་ལམ་བུ་བརྒྱུད་པ་དང་། ལས་རིགས་དེ་དཀའ་ཚེགས་ཆེ་བའི་གནས་ལས་སྒྲོལ་ཐུབ་པའི་འདེགས་སྐྱོར་ནི་ཐོན་ལས་གསར་གཏོད་རྒྱུན་ཆད་མེད་པར་བྱས་པ་དེ་རེད། ཧྥེ་ཧོ་ཚུད་པའི་འོ་བཟོས་ཐོན་རྫས་ཁེ་ལས་ཀྱིས་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་གྱི་ཆེད་གཏོགས་ཐོན་ལས་ཚོགས་པ་འཚོལ་ཞིབ་བྱས་ནས་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕྱུགས་རྩྭ་འདེབས་འཛུགས་དང་གཞི་ཁྱོན་ཅན་གྱི་བཞོན་མ་གསོ་ཚགས་བྱེད་པ་ནས་ཐོན་སྐྱེད་ལས་སྣོན་དང་བཙོངས་རྗེས་ཀྱི་ཞབས་ཞུ་སོགས་ཀྱི་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་སྔོན་ལ་ཚོད་འཛིན་ཐུབ་པ་དང་། ཕྱོགས་མང་པོ་ནས་གསར་གཏོད་བྱས་པ་བརྒྱུད་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་འཐུས་མི་ལེང་ཡིའུ་པིན་གྱིས་གསུངས།
   ཁོང་གིས། ཧྥེ་ཧོ་འོ་ལས་ཀུང་སིས་ཧེ་ལུང་ཅང་གི་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་པའི་རྨང་གཞིའི་ཐོག་ད་དུང་བྱང་ཤར་ཞིང་ལས་སློབ་ཆེན་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་འོ་ལས་གསར་གཏོད་ཚོགས་པ་དང་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད་ཅེས་ངོ་སྤྲོད་གནང་། “དཔང་པོ་བྱས་པ་དང་མྱོང་བ་དངོས་བྱུང་བའི་ལས་རིགས་སྣ་ཚོགས་ཀྱི་འཕོ་འགྱུར་ཁྲོད། གོ་སྐབས་དང་འགྲན་སློང་གི་མདུན་དུ་གསར་གཏོད་བྱས་ན་ཉེན་ཁ་གོ་སྐབས་སུ་འགྱུར་སྲིད་པ་དང་རྣམ་པར་འགྱུར་ལྡོག་གཏོང་ཐུབ་པ་གསལ་པོ་ཚོར་བྱུང”ཞེས་གསུངས།
   འཐུས་མི་ལེང་ཡིའུ་པིན་གྱིས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་འགོ་ཚུགས་པ་དང་བསྟུན་ནས་ཀྲུང་གོའི་འོ་ལས་འཕེལ་རྒྱས་ལའང་ལེའུ་གསར་པ་རྩོམ་ཐུབ་ངེས་རེད་ཅེས་གསུངས།