འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་4ཉིན།

༄༅།།“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ཀྱི་གོམ་པ་ཡག་པོ་ སྤོ་ཆེད་སེམས་ནུས་གཅིག་ཏུ་སྒྲིལ་དགོས།

—— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་04ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དེ་རིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོཌ་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། རིགས་ཁོངས་34ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་པེ་ཅིང་དུ་འཛོམས་ནས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་དོན་ཆེན་གླེང་འགོ་ཚུགས། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
   2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་གཅིག་རེད། ལོ་དེར་ཕྱིར་དྲན་བྱེད་སྐབས་རྒྱང་སྐྱོད་ལམ་བུའི་ཐོག་དཀའ་ཚེགས་ཀྱིས་ཁེངས་པ་དང་འབད་འཐབ་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད། ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་དུས་བབ་དང་ལས་འགན་དང་། སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་གི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་སེལ་མདུན་སྐྱོད་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་དང་ཕྱི་རོལ་གྱི་གནོན་ཤུགས་ལ་ཁ་གཏད་གཅོག་རྒྱུར་སྤྱི་འདོམས། “བརྟན་པོ་དྲུག”གི་ལས་དོན་ལ་དམ་འཛིན་ཡག་པོ་དང“འགན་ལེན་དྲུག”གི་ལས་འགན་ལ་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་བླངས་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་འཕར་ཚད་ཆག་པ་ནས་དངོས་སུ་འཕར་བ་མངོན་འགྱུར་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་ཕུན་སུམ་ཚོགས་པོའི་ངང་བསྡུས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞི་ཕྱོགས་ཡོངས་ནས་བཀོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་གི་འོད་སྟོང་གསར་པ་བཏོད་ཡོད།
   དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་རེད་ལ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད།
   འགག་སྒྲོལ་དཀའ་སེལ་ཁྲོད་ནས་འགན་འཁྲི་ཁུར་སེམས་མངོན། མཐུན་སྒྲིལ་འབད་འཐབ་བྱས་ནས་ལེའུ་གསར་པ་བརྩམས། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཡོངས་དང་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་སྒྲུབ་པ། ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་རྒྱུར་དམིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འགན་འཁྲི་སྒྲུབ་སྟངས་གསར་གཏོད་བྱེད་པ། ལས་ཕྱོད་ཆེ་རུ་གཏོང་བ། ཐབས་འདོན་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་གོ་ཆོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ཐད་རྣམ་པ་གསར་པ་མངོན་པ་དང་། ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུས་པར་གྲུབ་འབྲས་གསར་པ་ཐོབ་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་དག་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ནུས་པ་གལ་ཆེན་གང་ལེགས་མངོན་པ་དང“མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི”འགན་འཁྲི་ཁུར་སེམས་གསོན་ཉམས་དོད་པོས་མངོན་ཡོད། ལྷག་པར་དུ་མི་རྣམས་ཀྱིས་བརྗེད་པར་དཀའ་བ་ཞིག་ནི་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་གྱི་དུས་སྐབས་སུ་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་ལངས་པ། མཉམ་དུ་ལས་དོན་སྒྲུབ་པ་མ་ཟད། ཕྱར་བ་གྲུ་འདེགས་དང་གཅིག་སེམས་གཅིག་གཏད་ཀྱང་བྱས་ཤིང་། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིམས་འགོག་འཐབ་རྩོད་ཁྲོད་ཧུར་ཐག་ཞུགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཐབས་འདོན་ཇུས་འདོན་བྱས་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་དེ་རེད།
   མཉམ་ཤུགས་གཅིག་ཏུ་བསྒྲིལ་ན་རྫོགས་མེད་སྟོབས་ཤུགས་བསྐྱེད། མང་པོ་གཅིག་ཏུ་མཐུན་ན་བྱ་བ་ལས་ཀྱིས་གྲུབ། 2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་པོ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་རེད། དེ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་རེད། འགོ་ཡག་པོ་ཞིག་འཛུགས་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པའི་འགག་རྩ་རེད། ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་ན། འགན་འཁྲི་དེ་ཙམ་གྱིས་ལྕི་བས། མི་སེམས་དང་སྟོབས་ཤུགས་སྔར་ལས་ལྷག་པའི་སྒོ་ནས་གཅིག་ཏུ་སྒྲིལ་དགོས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་འབད་བསྐྱར་འབད་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བློ་ཁ་གཅིག་མཐུན་གྱི་ཆབ་སྲིད་ལེགས་ཆ་དང་། ཤེས་ལྡན་པ་མཉམ་འཛོམས་ཀྱི་རིག་སྟོབས་ཀྱི་ལེགས་ཆ། འདྲ་མཉམ་གྲོས་མོལ་གྱི་དམངས་གཙོའི་ལེགས་ཆ། སེམས་ནུས་གཅིག་སྒྲིལ་གྱི་མཐུན་སྒྲིལ་གྱི་ལེགས་ཆ། འབྲེལ་བ་མཐུན་སྦྱོར་གྱི་བྱེད་ནུས་ཀྱི་ལེགས་ཆ། འབྲེལ་གཏུག་རྒྱ་ཁྱབ་ཀྱི་རིགས་ཁོངས་ཀྱི་ལེགས་ཆ་བཅས་གང་ལེགས་སྤྱད་དེ། ཐབས་འདོན་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་རྒྱག་པའི་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་ལ་སྒྱུར་བ། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་རྣམ་པ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ཀྱི་གོམ་པ་ཡག་པོ་སྤོ་ཆེད་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
   འཆར་གཞི་གསར་པའི་མདུན་ལམ་མཛེས་སྡུག་ལྷག་པར་ལྡན། རྒྱང་སྐྱོད་ལམ་བུ་གསར་པས་མདུན་དུ་སྐྱོད་པར་སྐུལ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཆེད་ཇུས་ཤུགས་མཉམ་འདོན་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་པའི་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི། སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་ཀྱི་བརྩེ་སེམས་འཆང་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱ་གཞག་སེམས་ནང་འཇོག་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ཀྱི་གོམ་པ་ཡག་པོ་སྤོ་བར་ཐབས་ཇུས་དངོས་འདོན་པ། བྱ་ཐབས་དངོས་སྤྱོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
   ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།