འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་3ཉིན།

༄༅།།བགྲང་བྱ་བདུན་ཅུའི་འབད་འབུངས་ལས། “ནོར་གཞོང”གི་སྐྱེ་སྟོབས་ཀྱི་དཔལ་འབར་བ།

—— ཚྭ་འདམ་གྱི་ལས་གཏོད་སྙན་ཞུ་ཞིག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་03ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   སྐྱོ་ལྷང་ལྷང་གི་ཐང་རྒོད་དུ་བསྐྲུན་པའི་ལྕགས་ཤོག་ཁང་པ་ནི་ཁོ་ཚོའི་སྙིང་སྟོབས་ཀྱི་དཔང་པོ་རེད།
   མཚོ་བོད་ས་མཐོའི་བྱང་རྒྱུད་དུ་ཆགས་པའི་ཚྭ་འདམ་གཤོང་ས་ནི་མི་མེད་ཐང་རྒོད་རེད་ལ། ཚྭ་མཚོ་དང་རི་ཀླུང་གིས་བརྒྱན་པའི“ནོར་གཞོང”ཡང་རེད།
   དུས་རབས་20པའི་ལོ་རབས་50བ་ནས་བཟུང་། ཐང་རྒོད་དུ་བསྐྲུན་པའི་མཚོ་བོད་བགྲོད་ལམ་མམ་ཡང་ན་བུལ་སར་ཚྭ་ཞིང་གསར་སྤེལ་བྱས་པ་ཡིན་ནའང་འདྲ། ཕ་ཚ་བུ་རྒྱུད་ཀྱི་འབད་འཐབ་པ་ཚོས་ལོ་ངོ་70ཡི་ནང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་གཉིད་ལ་ཡུར་བའི་ཚྭ་འདམ་གྱི་སྐྱེ་སྟོབས་ཀྱི་དཔལ་སྤར་ཏེ། གནམ་ས་གསར་འབྱེད་ཀྱི་ལས་གཏོད་ཀྱི་ངོ་མཚར་ཞིག་བཏོད་ནས་མུ་མཐའ་མེད་པའི་ཐང་རྒོད་དེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད།
   དུས་རབས་20པའི་ལོ་རབས་50པར། མཚོ་བོད་གཞུང་ལམ་གྱི་ལམ་བཟོ་བ་ཁག་དང་པོ་ཚོས་ཚྭ་འདམ་གཤོང་ས་ནས་མེས་རྒྱལ་ནང་ས་དང་གངས་ལྗོངས་ས་མཐོའི་དབར་འགྲིམ་འགྲུལ་གྱི་འབྲེལ་ཟམ་བསྐྲུན་པ་དང་། ཚྭ་འདམ་གཤོམ་སའི་གྲོང་ཁྱེར་ཆེ་ཤོས་གོར་མོ་ཡང་དེ་ལྟར་བྱུང་ཡོད།
   ལམ་བཟོས་ན་དེར་བདག་སྐྱོང་བྱེད་དགོས། ཕྱོགས་བཞི་མཚམས་བརྒྱད་ཀྱི་གཞོན་ནུ་རྣམས་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་འཛོམས་ནས་རང་ཉིད་ཀྱི་ཚེ་སྲོག་ལམ་བུ་དེ་དང་དམ་དུ་སྦྲེལ་ཡོད།
    ལོ་81ལ་སླེབས་པའི་ཝུའུ་ཀྲན་རུའེ་ཡི་ལང་ཚོའི་དྲན་ཤེས་དེར་བཞག་ཡོད།
   1964ལོར་ལོ་22ལ་སླེབས་མ་ཐག་པའི་ཝུའུ་ཝུའེ་ཡི་ཕོ་གཞོན་ཝུའུ་ཀྲན་རུའེ་དང་ཀན་སུའུ་ཡི་ཕ་ཡུལ་གཅིག་པ་150ལྷག་ཙམ་གྱིས་གོར་མོ་བརྒྱུད་དེ་ས་བབ་མཐོ་ཚད་སྨི་4400ལྷག་གི་སྨུག་སའི་སོག་ལམ་དུ་ལོ་15ཏག་ཏག་དཀའ་སྤྱད་ལས་ལ་གཞོལ་བ་རེད།
   “སྐབས་དེ་དུས་ཏང་ཀྲུང་དབྱང་གི་འབོད་སྐུལ་ལྟར་བོད་ལ་རོགས་སྐྱོར་དང་མཚོ་བོད་གཞུང་ལམ་ལ་བདག་སྐྱོང་བྱེད་པར་ཡོང་བ་ཡིན། དེར་འགྲོ་ཐུབ་ན་དངོས་གནས་གཟི་བརྗིད་ཅིག་རེད”ཝུའུ་ཀྲན་རུའེ་ཡིས་སྐབས་དེ་དུས་ཀྱི་ལོ་ཟླའི་གནས་ཚུལ་ད་དུང་ཡང་གསལ་པོར་ངེས་ཀྱི་ཡོད།
   “ཐོག་མར་སླེབས་སྐབས། ཚང་མ་ལྕགས་ཤོག་གི་ཁང་པའི་ནང་དུ་སྡོད་དགོས་པས། ཁང་པའི་གང་ས་ནས་རླུང་འཚང་བ་མ་ཟད། དབྱར་ཁ་ཚ་བ་ཆེ་ལ་དགུན་ཁ་ཧ་ཅང་གྲང་མོ་ཡོད། ལྕགས་ཤོག་ཁང་པ་ནི་ང་ཚོའི་འཛིང་རགས་ལྟ་བུ་རེད། དེ་གང་དུ་སྤོས་ཚེ་ང་ཚོའི་ལས་ཀ་ཡང་དེར་བྱེད་དགོས་ཀྱི་ཡོད”ཅེས་ཝུའུ་ཀྲན་རུའེ་ཡིས་བཤད།
   ལོ་74ལ་སླེབས་པའི་ཚྭ་མཚོ་ཚོགས་པའི་རྒན་ཡོལ་ཞུས་པའི་ལས་བཟོ་ཝང་ཤིས་ཁྲེན་ནི་1981ལོར་དཔུང་སྡེ་ནས་ལས་སྒྱུར་བྱས་རྗེས་ཚྭ་འདམ་གཤོང་སའི་ཚྭ་མཚོ་དཀར་མོར་ལས་ཀ་བྱེད་པར་བསྐྱོད།
   འདི་ནི་ཀྲུང་གོའི་ཚྭ་མཚོ་ཆེ་ཤོས་ཡིན་པ་དང་། དུས་རབས་20པའི་ལོ་རབས་50པར་རྩད་ཞིབ་གསར་སྤེལ་བྱས་པ་ནས་ད་བར་ཀྲུང་གོའི་གཏེར་ལས་རྟེན་གཞི་གཙོ་བོའི་གྲས་ཤིག་རེད།
   “སྐབས་དེ་དུས་ང་ཚོས་ཚྭ་མཚོ་དཀར་མོའི་ཚྭ་ཞིང་སྐྲུན་སྐབས་ལྕགས་ཤོག་ཁང་པ་12དང་། རྐོ་འདྲུའི་འཕྲུལ་འཁོར་10 ལྕགས་གཞོང་རླངས་འཁོར་10ལྷག་ཙམ་ཡོད”དཔུང་སྡེའི་སྤྱོད་ཚུལ་ཏན་ཏིག་གི་རྣམ་འགྱུར་ལ་བརྟེན་ནས་ཝང་ཤིས་ཁྲེན་དང་ལས་རོགས་ཚོ་ཉིན་ལྟར་ཆུ་ལྷམ་གྱོན་ནས་ཚྭ་ཆུར་འཛུལ་དགོས་ཀྱི་ཡོད།
   “མེས་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་ཆེད། ཚང་མས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད། ང་རང་གུང་ཁྲན་ཏང་ཡོན་ཡིན་པས་དེ་བས་ལྷོད་གཡེང་གཏོང་མི་རུང”ཚྭ་མཚོའི་རྟེན་རྫས་བཤམས་མཛོད་ཁང་དུ་ཝང་ཤིས་ཁྲེན་གྱིས་ལྕགས་ཤོག་ཁང་པའི་པར་ལ་མཛུབ་མོ་བཙུགས་ཏེ“འཛིང་རགས་བསྐྲུན་ནས་དགྲ་བོ་སྟོབས་ཆེན་གང་ཞིག་ཡོད་ཀྱང་ཚང་མ་རྩ་མེད་བཟོ་དགོས”ཞེས་བཤད།
   སྐྱ་ཐེར་ཐེར་གྱི་ས་གཞིའི་སྟེང་གི་ལྗིད་ཐེག་རླངས་འཁོར་ལྗང་གུ་ལས་ལེགས་སྐྱེས་ཀྱི་འོད་སྣང་འཚེར།
   ཚྭ་མཚོ་དཀར་མོའི་འགྲམ་གྱི་ཚྭ་མཚོའི་རྟེན་རྫས་བཤམས་མཛོད་ཁང་དུ་པར་རྙིང་པ་ཁ་ཤས་ཉར་ཚགས་བྱས་ཡོད་ཅིང་། ཐོག་དཔངས་དམའ་བའི་ཁང་པ་ཐོག་གཅིག་མའི་འགྲམ་དུ་ལྗིད་ཐེག་རླངས་འཁོར་ལྗང་གུ་ཁ་ཤས་བཞག་ཡོད་པ་དང་། མི་རྣམས་ཀྱིས་རླངས་འཁོར་ནས་དངོས་ཟོག་འབེབས་བཞིན་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་ཡོད།
   “ལྗིད་ཐེག་རླངས་འཁོར་ལྗང་གུ་སླེབས་ཚེ། ང་ཚོར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད”ལོ་58ལ་སླེབས་པའི་ཚྭ་མཚོ་ཚོགས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ལིའུ་ཁྲོན་རུང་གིས་དགོད་བཞིན་བཤད།
   “ལྗིད་ཐེག་རླངས་འཁོར་ལྗང་གུ་དེས་བསྐྱལ་བ་ནི་སྔོ་ཚལ་གཅིག་པུ་མིན་པར་ང་ཚོར་ཤུགས་རྒྱག་པའི‘བསམ་པའི་སྨན་བཟང’ལྟ་བུ་ཞིག་དང་དེ་བས་འདྲ། རླངས་འཁོར་ཡོང་བ་མཐོང་རིམ་བཞིན་ང་ཚོས་དུས་ཁག་དང་པོ་བསྐྲུན་ནས་ཕན་འབྲས་བཟང་པོ་ཐོབ་རྗེས་ཉིན་ལྟར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པའི་བསམ་བློ་འཁོར་གྱི་འདུག”ཅེས་ལིའུ་ཁྲོན་རུང་གིས་བཤད།
   1989ལོའི་ཟླ་5པར་ཅ་ལུད་བཟོ་གྲྭའི་ལས་གྲྭ་ཁག་དང་པོ་ལོ་གཅིག་སྔ་སྣུར་དུ་ལེགས་སྒྲུབ་བྱུང་ནས་རླངས་འཁོར་དང་ཐོན་སྐྱེད་ཀྱི་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཚྭ་མཚོའི་ཅ་ལུད་ཀྱི་ཐོན་འབབ་སྐས་རིམ་གསར་པར་སླེབས་པ་མ་ཟད། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཀྱང་བྱེད་འགོ་ཚུགས་ཡོད།
   “ལོ་དེ་ནས་བཟུང་། ང་ཚོའི་ཚྭ་མཚོའི་གཏེར་ཁུལ་གྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད”ཅེས་ལིའུ་ཁྲོན་རུང་གིས་བཤད།
   དུས་རབས་20པའི་ལོ་རབས་80པའི་དུས་དཀྱིལ་དུ་མཚོ་བོད་གཞུང་ལམ་ལ་སྣུམ་ནག་ལམ་བཏིངས་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཡང་སྔར་བས་མང་དུ་ཕྱིན་ཡོད།
   རྟ་དྲེལ་རུ་ཁག་ནས་ལྗིད་ཐེག་རླངས་འཁོར་བར་དང་། མི་ཤུགས་ནས་འཕྲུལ་འཁོར་བར་ཕ་ཚ་བུ་རྒྱུད་ཀྱི་ཚྭ་འདམ་བ་རེ་རེས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་སྟབས་བདེ་ལ་རླབས་ཆེན་གྱི་འདུན་པ་བཅངས་ནས་ཐང་རྒོད་དེར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ངོ་མཚར་བཏོད་ཡོད།
   འབྱུང་འགྱུར་གྱི་ཚྭ་འདམ་གཏོད་པའི་གོ་སྐབས་ཁོ་ཚོའི་ལག་ཏུ་ཡོད།
   ཚྭ་མཚོ་ཚོགས་པའི་ཞིབ་སྤེལ་ལྟེ་གནས་ཀྱི་ལག་རྩལ་ཆེ་མོ་བ་ཀྲང་ཅོན་གྱིས་ཉི་ཞྭ་ཆེན་པོ་ཞིག་གྱོན་ནས་ས་ངོས་སུ་བསྡད་དེ་གྲངས་གཞི་ཐོ་འགོད་བྱེད་བཞིན་ཡོད། སྐར་མ་ཁ་ཤས་མ་སོང་བར་བསིལ་རླུང་གིས་ཁོ་མོའི་ལག་པ་དམར་རྐྱང་དུ་གྱུར།
   ལོ་33ལ་སླེབས་པའི་བུད་མེད་ལག་རྩལ་ཆེ་མོ་བ་དེས་དཔེ་ལེན་ཡོ་ཆས་ཀྱི་བརྙན་ཤེལ་ལ་མཛུབ་མོ་བཙུགས་ནས“ངའི་ལས་ཀ་གཙོ་བོ་ནི་མཚོ་ཁུལ་ཐོན་ཁུངས་ཀྱི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དེ་རེད། སྔོན་ལ་ཕྱི་རོལ་ཏུ་དཔེ་ལེན་དགོས་པ་དང་དེ་ནས་ཚོད་ལྟ་ཁང་དུ་དབྱེ་ཞིབ་བྱེད་དགོས། མཇུག་ཏུ་མིག་སྔའི་མཚོ་ཁུལ་གྱི་འགུལ་རྣམ་ཐོན་ཁུངས་ཀྱི་དབྱེ་ཞིབ་སྙན་ཞུ་གྲུབ་ཀྱི་ཡོད”ཅེས་བཤད།
   ལོ་ལྟར་བར་མཚམས་མེད་པར་ཟླ་བ་གཅིག་ནང་ལ་ཉུང་མཐར་ཟླ་ཕྱེད་ཙམ་མཚོ་ཁུལ་དུ་དཔེ་ལེན་དགོས། ལོ་དགུའི་ནང་བ་ཚྭའི་ས་ཆ་དེས་ཀྲང་ཅོན་སློབ་ཆེན་ནས་ཐོན་པའི་བུ་མོ་ཆུང་ཆུང་ཞིག་ནས་ཚྭ་མཚོ་ཚོགས་པའི་མཐོ་རིམ་ལག་རྩལ་ཆེ་མོ་བ་གཞོན་ཤོས་སུ་འཚར་ལོངས་བྱུང་བ་དང་། ཁོང་གིས་ཚྭ་མཚོའི་ཅ་ལུད་གཅིག་པུ་གསར་སྤེལ་བྱེད་པ་ནས་ཚྭ་མཚོའི་ཕྱོགས་བསྡུས་བེད་སྤྱོད་མ་ལག་བར་འཕེལ་རྒྱས་བྱུང་བར་དཔང་པོ་བྱས་ཡོད།
   ཚྭ་མཚོའི་ཁུལ་གྱི་ཉེ་འགྲམ་དུ་ཡོད་པའི་མཚོ་སྔོན་རྒྱུ་གསུམ་ཅ་ལུད་ཚད་ཡོད་ཀུང་སིའི་ཚྭ་ཞུའི་འཁོར་ཁང་དུ། ལག་རྩལ་འགན་འཁུར་བ་ལུའུ་ཁྲེང་དབྱིང་གིས་ལས་རོགས་ཚོ་དང་མཉམ་དུ་ཡོ་ཆས་ཀྱི་གྲངས་གཞིར་ཞིབ་བཤེར་དང་ཐོ་འགོད་བྱེད་བཞིན་ཡོད།
   “ང་ཚོའི་ལས་ཀ་ནི་སྙོམས་སྒྲིག་ཚོད་འཛིན་དང་ལས་རིམ་སྒྲིག་རྒྱུ་རེད། ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་ལྷུ་ཚིགས་ཚང་མ་གནད་ལ་འཁེལ་དགོས། དེ་ལྟར་བྱས་ཚེ་ཐོན་སྐྱེད་ཀྱི་ལས་ཆོད་དང་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་ཐུབ”ཅེས་ལུའུ་ཁྲེང་དབྱིང་གིས་བཤད།
   “ཚྭ་མཚོ་ཚོགས་པ་ཀྲུང་གོའི་མདུན་གྲལ་དུ་སླེབས་པ་མ་ཟད། དེ་བས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཐུབ་སྙམ་གྱི་འདུག”ཅེས“ཚྭ་རབས་གསུམ་པ”ལུའུ་ཁྲེང་དབྱིང་གིས་ཁེ་ལས་ཀྱི་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོས་བཤད།
   ཚྭ་འདམ་གཤོང་སར་ན་གཞོན་ཚོས་རྒན་རབས་པའི་རྒྱུན་འཛིན་ཡག་པོ་བྱས་ཏེ། ཚྭ་འདམ་གྱི་སྙིང་སྟོབས་ལ་བརྟེན་ནས་ཡངས་ཤིང་རྒྱ་ཆེའི་ཐང་རྒོད་དུ་ལེའུ་གསར་པ་རྩོམ་བཞིན་ཡོད། ཚྭ་མཚོ་དཀར་མོའི་ཅ་ལུད་ཀྱི་ལོའི་ཐོན་འབོར་ཏུན་ཁྲི་800ཟིན་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་85%ཟིན་ཡོད། ཅ་ཚྭའི་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་ཐོག་མའི་27%ནས་80%ཡན་བར་འཕར་བ་དང་། ཅ་ལུད་ཀྱི་འཛད་སྤྱོད་དེ་སྔ་ཚང་མ་ནང་འདྲེན་བྱེད་དགོས་པ་ནས་ད་ཆ་50%རང་མཁོ་རང་འདོན་ཐུབ་པའི་བར་འགྱུར་ལྡོག་ཕྱིན་ཡོད།
   ཚྭ་འདམ་གཤོང་སའི་ལམ་དྲའི་མ་ལག་ཀྱང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། གོར་ཁུའུ་ལྕགས་ལམ་དང་ཏོན་ཧུང་ལྕགས་ལམ་གྱི་ཏོན་གོར་ལམ་དུམ་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ་དང་། གོར་ཁྲེང་ལྕགས་ལམ་དང་G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་གོར་ལྷའི་ལམ་དུམ་ཡང་འཆར་འགོད་བྱེད་བཞིན་ཡོད། ག   ལོ་70ཡི་རིང་ཕ་ཚ་བུ་རྒྱུད་ཀྱི་འབད་འཐབ་པ་ཚོས་ཚྭ་འདམ་གྱི་འཕེལ་རྒྱས་ཆེད་དུ་དཀའ་སྤྱད་ལས་གཏོད་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། གསར་གཏོད་བྱེད་ཕོད་པ། མཐུན་སྒྲིལ་འབད་འཐབ། ཚན་རིག་དང་མཐུན་པའི་དངོས་གཉེར་བཅས་ཀྱི་བསམ་པའི་མཐོ་ས་བརྟན་སྲུང་བྱས་ཡོད།
   ཁོ་ཚོས་ལང་ཚོ་དང་མི་ཚེ་གངས་ལྗོངས་ས་མཐོ་དང་མེས་རྒྱལ་གྱི“ནོར་གཞོང”ལ་ཕུལ་བ་དང་སྦྲགས། དེ་གར་དུས་རབས་གསར་པའི་ནང་དོན་མཚོན་པའི་བསམ་པའི་མཛད་རྗེས་རྡོ་རིང་གཅིག་མིན་གཉིས་མིན་དུ་བསྐྲུན་ཡོད།