འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་1ཉིན།

༄༅།།《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་མཆན་འགྲེལ》དཔེ་སྐྲུན་འགྲེམ་སྤེལ་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་01ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་མཆན་འགྲེལ》དཔེ་སྐྲུན་འགྲེམ་སྤེལ་བྱས།
    སྤྱི་ཟླ་1པོའི་ཚེས28ཉིན། བོད་ལྗོངས་གསོ་རིག་སློབ་གླིང་གི་སྙེ་མོ་བ་ཉི་མ་ཚེ་རིང་ལགས་ཀྱིས་སྒྲིག་རྩོམ་གནང་བའི་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་མཆན་འགྲེལ》ཞེས་བྱ་བ་སྟོད་སྨད་གཉིས་ཀྱིས་གྲུབ་པ་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པརེད།
      སྐབས་སུ་བབ་པ་མཆན་འགྲེལ་འདིའི་བརྗོད་དོན་ཐད་གཙོ་ཆེ་བ་ནང་དོན་ལྔའི་སྒོ་ནས་བསྟན་པ་སྟེ།
      དང་པོ། མཆན་འགྲེལ་འདི་ལས་དང་པོ་བ་རྣམས་ཀྱིས་ཐོག་མར་གཞུང་དོན་མ་འདྲེས་པར་སྤྱི་དོན་ལ་གོ་བ་ལེན་བདེ་བའི་སླད་དུ། ལེའུ་སོ་སོའི་ནང་དོན་སྤྱི་ཁོག་རྣམས་ཟུར་མཁར་བའི་འགྲེལ་བ་མེས་པོའི་ཞལ་ལུང་གཞི་བྱས་ཏེ་རྒྱས་བསྡུས་འཚམས་པའི་སྒོ་ནས་ས་བཅད་སོ་སོར་ཕྱེས་ནས་བཀོད་ཡོད།
     གཉིས་པ། སྒྲིག་པ་པོ་གང་ཉིད་གཞུང་འདི་ཉིད་སློབ་གཉེར་ཐོས་བསམ་བྱེད་པའི་བརྒྱུད་རིམ་ནང་ངེས་པ་དོན་གྱི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གིས་དབང་ལུང་ཁྲིད་གསུམ་གྱི་སྒོ་ནས་ལེགས་པར་བསྐྱངས་ཤིང་། ཁྱད་པར་ལུང་ཁྲིད་གནང་བའི་སྐབས་ཟུར་མཆན་དུ་བཀོད་པ་དག་བླ་མའི་གསུང་ཇི་བཞིན་དུ་སོ་སོའི་མཚམས་སུ་བཀོད་ཡོད།
     གསུམ་པ། སྒྲིག་པ་པོས་ཡུན་རིང་འཆད་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད་གཞུང་གི་རྩ་བའི་ཚིག་བརྡ་རྙིང་དང་། དོན་དཀའ་གནད་དང་། ཁྱད་པར་སྔ་འགྲེལ་མེས་པོའི་ཞལ་ལུང་། སྐྱེམས་འགྲེལ། བེེཌཱུརྱ་སྔོན་པོ་སོགས་ལས་རེ་ཞིག་འགྲེལ་ཚུལ་མི་འདྲ་བ་རྣམས་ལ་དཔྱད་ནས་སྙིང་བསྡུས་མཆན་འགྲེལ་དུ་བཀོད་ཡོད།
     བཞི་བ། སྔ་ཕྱིར་གཞུང་འདིའི་རྩ་བ་པར་མ་མི་འདྲ་བ་གྲ་ཐང་པར་མ་དང་སྒམ་པོའི་པར་མ། རྟག་བརྟན་པར་མ། ལོ་རོའི་པར་མ། རྫོང་དཀར་པར་མ། དགའ་ལྡན་པར་མ། རྩེ་པོ་ཏ་ལའི་པར་མ། ལྕགས་རིའི་པར་མ། སྡེ་དགེའི་པར་མ། པེ་ཅིང་པར་མ། སྐུ་འབུམ་པར་མ། བླ་བྲང་པར་མ་བཅས་ལག་སོན་བྱུང་བའི་པར་མ་རྣམས་ལ་དཔྱད་ཅིང་དེ་དག་ལས་ཡིག་ནོར་དང་རྣམ་དབྱེ་ཕྲད་སོགས་མ་དག་པ་ཕུད་དེ་མིན་དོན་དངོས་ཀྱི་ཁྱད་པར་ཆེ་བ་རྣམས་དཔྱད་གཞི་བྱ་བའི་སླད་དུ་བཀོད་ཡོད།
      ལྔ་པ། རྒྱལ་བ་ལྔ་བའི་སྐབས་སུ་བཞེངས་ཤིང་བྲིས་པའི་རྒྱུད་བཞིའི་སྨན་ཐང་རྣམས་པར་རིས་སུ་བླངས་ནས་སོ་སོའི་དུམ་མཚམས་སུ་བཀོད་པ་ཡོད་པས་འཇུག་པ་པོ་རྣམས་ཀྱིས་རྩ་བའི་ནང་དོན་ཕྱོགས་ཙམ་འགྲེལ་ཐུབ་པ་བཅས་དེ་ལྟར་བསྟན་པའི་རྒྱུད་བཞིའི་རྩ་བའི་མཆན་འགྲེལ་འདི་ཡིས་གསོ་རིག་འཛིན་པའི་ལས་དང་པོ་བ་རྣམས་གཞུང་ཚིག་སྤྱི་བགྲོས་སུ་ཐོས་བསམ་བྱེད་པའི་ནང་ཐོག་མར་ས་བཅད་དེ་གཞུང་གི་སྤྱི་ཁོག་རྟོགས་ཐུབ་པ་དང་། བར་དུ་དཀའ་གནད་ཀྱི་དོན་བླང་དོར་ཕྱིན་ཅི་མ་ལོག་པར་འཇུག་ཅིང་ཉམས་སུ་ལེན་པ། ཐ་མར་ཞིབ་ཅིང་ཕྲ་བའི་ཆ་ལག་གང་དང་གང་ལ་འཇུག་པ་བདེ་ཞིང་རྨང་གཞི་ངེས་ཅན་ཐོབ་ངེས་ལགས་སོ།།
༄༅།།《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་མཆན་འགྲེལ》དཔེ་སྐྲུན་འགྲེམ་སྤེལ་བྱས།