འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་1ཉིན།

༄༅།།ཀྲུང་གོའི་གྲོང་གསེབ་དབུལ་སྒྲོལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ།

—— ཕྱི་རྒྱལ་བ་བཞི་ཏཱ་པེ་ཧྲན་ཁུལ་དུ་བསྐྱོད་པའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་01ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྨིའུ་ཞའོ་ཅོན་དང་། ཚའོ་ཕེང་ཡོན། ཁྲེན་ཧྲང་ཡིང་།
    ཏཱ་པེ་ཧྲན་ཁུལ་གྱི་ལྟེ་བར་གནས་པའི་ཨན་ཧུའེ་ཞིང་ཆེན་ཅིན་ཀྲའེ་རྫོང་ཏཱ་དབན་གྲོང་ཚོ་ནི་དེ་སྔོན་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོའི་གཙོ་གནད་གྲོང་ཚོ་དབུལ་པོ་ཞིག་རེད། གྲོང་ཚོ་དེར་ཡོང་རྩིས་ཡོད་པའི་ཕྱི་རྒྱལ་བ་ཚོའི་སྣང་བར་དེ་གར་ཆུ་ཀ་ལ་དང་གློག་མེད་ཅིང་། འགྲོ་ལམ་གུ་དོག་པའི་ཁར་བགྲེས་སོང་མང་ལ་ན་གཞོན་ཉུང་བ་དང་སྐུད་མེད་དྲ་བ་ཡང་མེད་སྙམ་གྱི་ཡོད།
   འོན་ཀྱང་ཁོང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ། དེ་གའི་རི་བོ་སྔོ་ལ་ཆུ་མོ་དྭངས་བ་དང་། ཁྱིམ་ཚང་ཚང་མར་ཆུ་དང་། གློག སྐུད་མེད་དྲ་བ་བཅས་ཡོད་པ་མ་ཟད། ཨར་འདམ་ལམ་ཁྱིམ་གྱི་སྒོ་རྩར་བཏིང་ཡོད་པ་དང་། ཉམས་བཟོ་བྱས་པའི་ས་ཕག་ཁང་པ་དང་གསར་དུ་བསྐྲུན་པའི་ཁང་པ་གྲལ་སྟར་འགྲིག་པ། ཁྱིམ་ཚང་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཡང་གང་སར་མཐོང་རྒྱུ་ཡོད། གཞན་ཡང་གཟའ་མཇུག་ཏུ་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད།
   བསམ་ཡུལ་ལས་འདས་པའི་བྱ་བ་དེ་ལས་ཀྱང་མང་བ་ཡོད།
   “སྐུད་མེད་དྲ་བ་ཡོད་པ་བསམ་ཡུལ་ལས་འདས་སོང”
   2014ལོར་ཅིན་ཀྲའེ་རྫོང་གི་གཙོ་གནད་གྲོང་ཚོ་དབུལ་པོའི་གྲས་ཡིན་པའི་ཏཱ་དབན་གྲོང་ཚོར་ད་ཆ་དབུལ་པོ་གཅིག་ཀྱང་མེད་པ་དང་། 2011ལོར་ཏཱ་པེ་ཧྲན་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་གི་གྲས་ཡིན་པའི་ཅིན་ཀྲའེ་རྫོང་2020ལོའི་ཟླ་4པར་རྫོང་དབུལ་པོའི་མིང་གྲལ་ནས་དངོས་སུ་དོན་ཐུབ་པ་བྱུང་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ་ཧུར་ཐག་འཚོལ་བཞིན་ཡོད།
   ལོ་15ལ་སླེབས་པའི་ལྷོ་ཨ་ཧྥེ་རི་ཁའི་བུ་མོ་རུའེ་པེ་ཁཱ·ཉི་ཧྲེན་གྱིས་རང་ཉིད་ཀྱི་ཕ་ཤའོ་ཨེན་དང་མཉམ་དུ་རླངས་འཁོར་བསྡད་དེ་ཧོ་ཧྥེ་ནས་རྡོག་ཐོན་བྱས་ཤིང་། ལམ་ཐག་སྤྱི་ལེ་200ལྷག་ཙམ་ལ་ཆུ་ཚོད་3བསྐྱོད་མཐར་དེ་གར་འབྱོར། ཤའོ་ཨེན་གྱིས“ངའི་བསམ་པར་ལམ་བར་དུ་འཁྲུག་ཆེན་པོ་ཐེབས་ངེས་རེད་སྙམ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་ཧ་ཅང་བདེ་པོ་འདུག”ཅེས་བཤད།
   གནས་ཚང་དུ་འབྱོར་རྗེས་རུའེ་པེ་ཁཱ་སེམས་ལྷོད་ལ་བབས། ཁོང་གིས“ཁང་པའི་ནང་རླུང་འཁོར་དང་བརྙན་འཕྲིན་སོགས་ཡོད་པ་མ་ཟད། བསམ་ཡུལ་ལས་འདས་པ་ཞིག་ལ་སྐུད་མེད་དྲ་བའང་འདུག”ཅེས་བཤད།
   སྐྱེ་ཁུངས་ཅིན་པཱ་པུའུ་ཝུའེ་ནས་ཡིན་པའི་ཆིང་ཧྭ་སློབ་ཆེན་དུ་འགྲོ་མུས་ཀྱི་ཞིབ་འཇུག་སློབ་མ་ཝུའུ་ཅུན་ཅེ་པེ་ཅིང་ནས་རྡོག་ཐོན་བྱས་ཏེ། མྱུར་བགྲོད་ལྕགས་ལམ་བརྒྱུད་ཐད་ཀར་ཅིན་ཀྲའེ་རྫོང་དུ་བསྐྱོད་པ་དང་དེ་ནས་འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་ཏཱ་དབན་གྲོང་ཚོའི་སློབ་ཆུང་དུ་སླེབས། དགེ་སློབ་ཚོས་ཁོང་ལ་ཤ་ཡོད་ཚལ་གཅིག་དང་། ཤ་མེད་ཚལ་གཉིས། ཐང་གཅིག་བཅས་ཡོད་པའི་དགུང་ཟས་ལ་སྒོར་2ལས་སྤྲོད་དགོས་ཀྱི་མེད་ཅེས་བཤད།
   པེ་ཅིང་ནས་ཡོང་བའི་སྐྱེ་ཁུངས་མ་ལེ་ཞི་ཡ་ནས་ཡིན་པའི་སྨྱན་སྦྱོར་བ་ཀྲེ་གོ་མིང་སྔོན་ལ་ཏཱ་དབན་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བསྐྱོད། ལས་དོན་མི་སྣས་ཁོང་ལ། ད་ཆ་དུད་ཚང་དབུལ་པོའི་སྨན་རིན་90%ཡན་རྩིས་ཞུ་བྱེད་པ་དང་ཆབས་ཅིག གལ་ཏེ་ཏོག་གསར་གློ་ཚད་འགོས་མཁན་ཡོད་ཚེ་སྨན་རིན་ཚང་མ་རྩ་ཆག་གཏོང་གི་ཡོད་ཅེས་བཤད།
   “འཚོ་བ་དེ་བས་ཡག་པོ་སྐྱེལ་བར་འདོད”
   ཤའོ་ཨེན་དང་ཁོང་གི་བུ་མོར་ཉིན་དང་པོ་ཁོ་ནར་གྲོང་མི་ཚོས་སེམས་རྩ་འཁོལ་བའི་སྣེ་ལེན་ཞུས་ཡོད་དེ། ཞོགས་ཟས་ཐུག་པ་དང་སྒོ་ངའི་བག་ལེབ་བཟས་རྗེས་སྔ་དྲོ་ཁྲོམ་ནས་ལི་ཙི་དང་ཞོག་ཁོག་མངར་མོ་ཉོ་བ་དང་། ཉིན་དགུང་ཞིང་ཁྱིམ་གྱི་ཚལ་ཟ་བ། ཕྱི་དྲོ་ས་གནས་དེ་གའི་ཇ་བཟོ་གྲྭ་བསྐོར་བར་ཕྱིན། འཁྲུག་ཆ་དོད་ཤོས་ནི་དགོང་མོ་ཡིན་ཞིང་། གྲོང་མི་ཚོས་མེ་ཕུང་གི་འགྲམ་དུ་ཤ་བཀྲག་ཟ་བ་དང་། ཞབས་བྲོ་འཁྲབ་པ། ཤོག་སྦག་སྤོར་བ་སོགས་བྱེད་ཀྱི་ཡོད།
   ཁོང་ཚོའི་གནས་ཚང་ནི་སྔོན་མ་དུད་ཚང་དབུལ་པོ་ཞིག་ཡིན། གནས་མོས་ཤའོ་ཨེན་ལ་ལོ་གཉིས་གོང་ས་གནས་དངུལ་ཁང་གིས་གཡར་བའི་གྲངས་ཉུང་དངུལ་བུན་དང་སྤུན་མཆེད་དང་གྲོགས་པོའི་ས་ནས་གཡར་བའི་དངུལ་གྱིས་ཁང་པ་གསར་པ་བརྒྱབ་པ་མ་ཟད། ཁྱིམ་ཚང་མགྲོན་ཁང་གི་སྒོ་བྱང་བཀལ་ཏེ་ཚོམས་ཆེན་ནས་ཡུལ་ཟོག་བཙོངས་པར་བརྟེན་ད་ཆ་བུ་ལོན་ཚང་མ་འཇལ་ཚར་བ་དང་འཚོ་བ་བདེ་སྐྱིད་ལྡན་པར་གྱུར་ཡོད་ཅེས་བཤད།
   དེ་དག་ལས་ཤའོ་ཨེན་ལ་གྲོང་མི་ཚོས་ཕན་ཚུན་རོགས་རམ་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པ་ཕུད་ད་དུང་འཚོ་བ་དེ་བས་ཡག་པོ་སྐྱེལ་འདོད་བྱེད་པའི་མྱོང་ཚོར་བྱུང་།
   “མི་དམངས་ཀྱིས་དབུལ་སྒྲོལ་དང་དམག་འཐབ་བྱེད”
   གསར་འགོད་པ་དང་གླེང་མོལ་བྱེད་རིང་། ཕྱི་རྒྱལ་བ་ཚོས་གྲོང་ཚོ་དང་རྫོང་གྲོང་ནས་ཀྲུང་གོ་དང་འཛམ་གླིང་བར་གྱི་གནས་ཚུལ་གླེང་ཡོད།
   ཝུའུ་ཅུན་ཅེས། ཏཱ་དབན་གྲོང་ཚོའི་གྲོགས་པོ་གསར་པ་དེ་དག་གི་འཛུམ་མདངས་ལས་ཀྲུང་གོས་དངོས་འབྲེལ་མི་དམངས་ཨང་དང་པོར་བཞག་པའི་མྱོང་ཚོར་སླར་ཡང་བྱུང་། “རྒྱལ་ཁབ་གཞན་དག་ཡིན་ཚེ་དབུལ་སྒྲོལ་དེ་དཔལ་འབྱོར་ཁོ་ནའི་ཐོག་ལུས་མོད། འོན་ཀྱང་ཀྲུང་གོར་དབུལ་སྒྲོལ་ནི་དོན་སྙིང་ངོ་མ་ལྡན་པའི་མི་དམངས་དང་དབུལ་ཕོངས་དབར་གྱི་དམག་འཐབ་ཅིག་རེད”ཅེས་བཤད།
   སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་རིང་། ཀྲུང་གོའི་མི་འབོར་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་བྱུང་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལ་ལེགས་སྐྱེས་འབུལ་ཚད་70%ལས་བརྒལ་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་སྤེལ་ཤུགས་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་སྒྲིག་འཛུགས་ལག་བསྟར་བྱས་ཡོད། ལོ་8ལྷག་ཙམ་རིང་ད་ཡོད་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ཚང་མ་དབུལ་སྒྲོལ་བྱུང་བ་དང་རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་ཡོད།