འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་1ཉིན།

༄༅།།ཙམ་པབ་ཝེས་ཀྲུང་གོས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།

ཙུང་ཐུང་གཞོན་པ་ཆི་དབུན་ཅ་ཡིས་སྔོན་ལ་རིམས་འགོག་སྨན་ཁབ་གཟེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་01ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ར་རེ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་ཙམ་པབ་ཝེ་འཕྲོད་བསྟེན་སྡེ་ཚན་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། གནམ་ཐང་འགག་སྒོ་སོགས་ཉེན་ཁ་ཆེ་ཁུལ་གྱི་ལས་དོན་པ་སྔོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་མི་ཚོགས་སུ་གྱུར་ནས་ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་རེད།
   ཚེས་18ཉིན་ཙམ་པབ་ཝེའི་ཙུང་ཐུང་གཞོན་པ་འཕྲོད་བསྟེན་པུའི་པུའུ་ཀྲང་གཅིག་ལྕོགས་ཆི་དབུན་ཅས་རྒྱལ་ས་ཧ་ར་རིའི་རིམས་འགོག་སྨན་ཁབ་རྒྱག་ཡུལ་ཝེར་ཅིན་སི་སྨན་ཁང་དུ་ཕེབས་ནས་ཏོག་དབྱིབས་ནད་དུག་གི་བརྟག་དཔྱད་བྱས་རྗེས། ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་གཟེད་པ་དང་འབྲེལ་སྨན་ཁབ་བརྒྱབ་པའི་ལག་ཁྱེར་བླངས་ནས་ཙམ་པབ་ཝེའི་རིམས་འགོག་སྨན་ཁབ་རྒྱག་མཁན་དང་པོར་གྱུར་པ་རེད། དེ་རྗེས་འཕྲོད་བསྟེན་པུའི་པུའུ་ཀྲང་གཞོན་པ་མན་ཀུའེ་ལུའོ་སོགས་དཔོན་རིགས་དང་ཝེར་ཅིན་སི་སྨན་ཁང་གི་སྨན་དོན་མི་སྣས་རིམ་བཞིན་རིམས་འགོག་སྨན་ཁབ་གཟེད་པ་རེད།
   ཆི་དབུན་ཅ་ཡིས་རིམས་འགོག་སྨན་ཁབ་གཟེད་རྗེས་སྨྱན་སྦྱོར་ལ། ཀྲུང་གོས་ཙམ་པབ་ཝེར་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་20རོགས་སྐྱོར་བྱས་པ་དང་། ང་དང་དཔོན་རིགས་གཞན་གྱིས་སྔོན་ལ་གཟེད་པ་དེ་ནི་ཙམ་པབ་ཝེ་སྲིད་གཞུང་གིས་ཀྲུང་གོ་རྒྱལ་སྨན་ཚོགས་པས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་ཆེན་པོ་ཡོད་པ་མཚོན་ཆེད་ཡིན། ཏོག་གསར་རིམས་འགོག་སྨན་ཁབ་དེ་བས་མང་བ་རིམ་གྱིས་འབྱོར་ནས་རྒྱལ་ཡོངས་ཀྱི་དམངས་ཚོགས་ཚང་མར་རིམས་འགོག་སྨན་ཁབ་རྒྱག་པའི་གོ་སྐབས་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།