འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་26ཉིན།

༄༅།།ཕྱི་འབྲེལ་པུས་བརྗོད་དོན། ཕྱོགས་ཁག་དང་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་
སྐྱོང་གི་ཇུས་ཆེན་ལ་གྲོས་བསྡུར་བྱེད་འདོད་ཡོད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིང་གིས་ཚེས་24ཉིན་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
   མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་དབྱིན་ཨེ·ཨན་ནོ་ཧྲེང་གིས་ཉིན་ཤས་གོང་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་བཟོ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བའི་ངོས་འཛིན་བྱས་པ་རེད། ད་དུང་ཨན་ནོ་ཧྲེང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་བསྟུན་མཁས་དང་རྒྱུན་མཐུད་ཀྱི་འབྱུང་འགྱུར་ཞིག་གཏོད་དགོས་པའི་འབོད་སྐུལ་བྱས་ཡོད། ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་འདྲ་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས་པར།
   དབང་ཝུན་པིང་གིས། ཀྲུང་གོས་སྔ་རྗེས་སུ་སྐྱེ་དངོས་སྣ་མང་རང་བཞིན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་10ལྷག་བཏོན་ཏེ་སྐྱེ་ཁམས་བར་མཐོངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ནས། 90%ཡི་སྐམ་སའི་སྐྱེ་དངོས་མ་ལག་གི་རིགས་དང་85%ཡི་གཙོ་གནད་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་བརྗོད།
   དབང་ཝུན་པིང་གིས། རྒྱལ་ནང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ནང་གཏིང་ཟབ་ཞུགས་པ་དང་། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁོར་ཡུག་གི་འབྲེལ་ཡོད་ཆིངས་ཡིག་གི་འོས་འགན་ལག་བསྟར་ཏན་ཏིག་བྱས་ཏེ། 2020ལོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པའི་འབྲེལ་ཡོད་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། སྔ་རྗེས་སུ་རྒྱལ་ཁབ་100ལྷག་ཙམ་དང་ཁོར་ཡུག་སྲུང་སྐྱོང་གི་སྤེལ་རེས་མཉམ་ལས་བྱས་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད་2030ལོའི་གོང་དུ་ཚད་གཞི་མཐོ་ཤོས་ལས་མི་བརྒལ་བའི་བརྩོན་ལེན་བྱ་རྒྱུའི་དམིགས་ཚད་དང་། 2060ལོའི་གོང་དུ་ཐཱན་དོ་སྙོམས་ཡོང་བའི་བརྩོན་ལེན་ཧུར་ཐག་བྱ་རྒྱུའི་འདུན་པ་དང་། དེ་བཞིན་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་ནུས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་གསར་པ་བཏོན་གནང་བ་དེ་ལས་འགན་འཁྲི་ཁུར་མཁན་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པ་དང་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ་ཡོད་ཅེས་བརྗོད།
   དབང་ཝུན་པིང་གིས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་དང་ལྗང་མདོག་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་རེད། འདི་ལོ་ཀྲུང་གོས་ཁུན་མིང་དུ《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འཚོག་རྒྱུ་རེད། “ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་འཛིན་ནས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་ལག་བསྟར་གྱིས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་འདོད་ཡོད”ཅེས་བརྗོད།