འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་26ཉིན།

༄༅།།ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད། འབད་འཐབ་གསར་པའི་འགོ་འཛུགས་ས།

—— དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྒྲིལ་གླེང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་26ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ■ ལོ་བརྒྱད་རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་མི་འབོར་དབུལ་པོ་དུང་ཕྱུར་གཅིག་ཙམ་དབུལ་སྒྲོལ་བྱུང་བ།
   ■ 2020ལོར་སླེབས་སྐབས་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ནི་ང་ཚོས་བཞག་པའི་དམ་བཅའ་ནན་པོ་ཡིན།
   ■ མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན།
   ■ ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་མངོན་འགྱུར་བྱེད་པར་རྟེན་གཞི་ཁུལ་རྙིང་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་རྟེན་གཞི་ཁུལ་རྙིང་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་མ་བྱུང་ཚེ་དེ་ནི་འཐུས་སྒོ་མི་ཚང་བ་ཞིག་རེད། དེ་ནི་ངས་རྟག་ཏུ་ཤོད་པའི་འབྱོར་འབྲིང་དུ་བསྐྱོད་ཐུབ་མིན་གྱི་འགག་རྩ་ནི་གྲོང་གསེབ་ལ་རག་ལུས་ཡོད་ཅེས་པའི་དོན་སྙིང་དེ་རེད།
   “ལོ་བརྒྱད་རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་ང་ཚོས་དུས་བཀག་ལྟར་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ། དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་མེད་པ་བཟོས་པ། མི་འབོར་དབུལ་པོ་དུང་ཕྱུར་གཅིག་ཙམ་དབུལ་སྒྲོལ་བྱུང་ནས་འཛམ་གླིང་ཡོངས་ཀྱིས་ལྟ་སྟངས་གསར་པ་འཛིན་པའི་རྒྱལ་ཁ་གལ་ཆེན་ཐོབ་ཡོད”ཅེས་2020ལོའི་ཟླ་12ཚེས་3ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་གནང་བ་རེད།
    མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོའི་ངོས་ནས་བརྗོད་ན། ལོ་ངོ་བརྒྱ་ཕྲག་དུ་མར་དཀའ་ངལ་བཟོ་མཁན་གྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་པ་དེ་ནི་སྔར་བྱུང་མ་མྱོང་བའི་རླབས་ཆེའི་བྱ་སྤྱོད་ཅིག་རེད་ལ་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་ཞིག་ཀྱང་རེད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་གནང་སྟེ་དགོངས་པ་གསར་པ་དང་ལྟ་བ་གསར་པ་རབ་དང་རིམ་པ་བཏོན་གནང་བ་དང་ཐབས་ཇུས་གསར་པ་དང་བཀོད་སྒྲིག་གསར་པ་རབ་དང་རིམ་པ་བཏོན་གནང་ཐོག་ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་གནང་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་ལེགས་སྐྱེས་གལ་ཆེན་ཕུལ་གནང་བ་རེད།
   ལིའུ་ཕན་རི་ཁུལ་དང་། ཆིན་པ་རི་ཁུལ། ཝུའུ་ལིང་རི་ཁུལ། ཨུ་མོང་རི་ཁུལ། ཏ་པེ་རི་ཁུལ་ལ་སོགས་མདོར་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་ལས་དོན་ཐད་སེམས་ནུས་མང་ཤོས་བཏོན་གནང་བ་དང་རྟོག་ཞིབ་མང་ཤོས་གནང་ཡུལ་ཡང་དབུལ་ཕོངས་ས་ཁུལ་དུ་རེད། གཅིག་སྡུད་ཡུལ་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་རི་ཀླུང་གང་སར་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་ངལ་འཛེམས་མེད་ཀྱི་ཞབས་རྗེས་བཞག་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཟོལ་མེད་ཀྱི་ཐུགས་བརྩེས་མང་ཚོགས་དབུལ་པོ་ཚང་མའི་སེམས་སུ་དྲོ་སྐྱིད་དཔག་མེད་སྦྱིན་ཡོད།
   “དབུལ་སྐྱོར་ནི་ཐོག་མཐའ་བར་གསུམ་དུ་ངའི་ལས་ཀའི་ནང་དོན་གལ་ཆེན་ཡིན་ལ་ངས་སེམས་ནུས་མང་ཤོས་བཏོན་ཡོད”“དབུལ་སྒྲོལ་འགག་སྒྲོལ་ནི་ངས་སེམས་ཁྲལ་ཆེ་ཤོས་བྱེད་པའི་དོན་ཆེན་ཞིག་ཡིན”“ངས་སེམས་ཁྲལ་ཆེ་ཤོས་བྱ་ཡུལ་དེ་དཀའ་ངལ་ཡོད་པའི་མང་ཚོགས་དེ་དག་ཡིན”ཞེས་པ་ལ་སོགས་མདོར་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བརྩེ་ཟབ་པའི་བཀའ་མོལ་ལས་མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་མཚོན་ལ་ལོ་བརྒྱའི་ཏང་ཆེ་མོའི་འགན་འཁྲི་དང་ལས་འགན་ཡང་མངོན་ཡོད།
   དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་གལ་ཆེན་ཐོབ་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཆེས་ཆེར་སོང་ཡོད་ལ་ས་ཁུལ་དབུལ་པོའི་རྣམ་པ་རྦད་དེ་འགྱུར་ལྡོག་ཕྱིན་པ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་རེད།
   དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཐར་ཐུག་ས་མིན་པར་དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན། “ང་ཚོས་ད་དུང་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་དོ་དོ་ནན་ནན་གྱིས་ངར་ཤུགས་བསྒྲིམས་པ་དང་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆགས་ཉམས་ལྡན་གྱི་འཆར་གཞི་ཧུར་ཐག་བཏིང་ཐོག་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ནས་མདུན་སྐྱོད་བྱེད་དགོས”
   2020ལོར་སླེབས་སྐབས་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ནི་ང་ཚོས་བཞག་པའི་དམ་བཅའ་ནན་པོ་ཡིན།
   “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་2012ལོའི་ཟླ་11ཚེས་15ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་མཇལ་འཕྲད་གནང་སྐབས་ཧ་ཅང་གསོན་ཉམས་ལྡན་ལ་ཚིག་ཉུང་དོན་གསལ་གྱི་བཀའ་མོལ་ཐོག་ནས་རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དེར་དུས་རབས་ཀྱི་དགོངས་འགྲེལ་གསར་པ་གནང་བ་རེད།
   འབྱོར་འབྲིང་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་བབ་ཆགས་ཤོས་ཀྱི་འདུན་པ་དང་ཕུགས་བསམ་ཞིག་རེད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་བཏོན་པ་དེ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་དམ་བཅའ་ནན་པོ་ཞིག་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རེད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་གོམ་སྟབས་ཤིག་ཀྱང་རེད།
   “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོར་ཡོད། གྲོང་གསེབ་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་འབྱོར་འབྲིང་མེད་ཚེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མེད”ཅེས་2012ལོའི་ཟླ་12པའི་ཟླ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཕུའུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྟོག་ཞིབ་གནང་སྐབས་བསྟན་གནང་བ་རེད།
   འབྱོར་འབྲིང་དུ་བསྐྱོད་ཐུབ་མིན་གྱི་འགག་རྩ་ནི་གྲོང་གསེབ་ལ་རག་ལུས་ཡོད།
   “ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་མངོན་འགྱུར་བྱེད་པར་རྟེན་གཞི་ཁུལ་རྙིང་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་རྟེན་གཞི་ཁུལ་རྙིང་པའི་མི་འབོར་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་མ་བྱུང་ཚེ་དེ་ནི་ཆ་མི་ཚང་བ་ཞིག་རེད། དེ་ནི་ངས་རྟག་ཏུ་ཤོད་པའི་འབྱོར་འབྲིང་དུ་སྐྱོད་ཐུབ་མིན་གྱི་འགག་རྩ་ནི་གྲོང་གསེབ་ལ་རག་ལུས་ཡོད་ཅེས་པའི་དོན་སྙིང་དེ་རེད”ཅེས་2015ལོའི་ཟླ་2ཚེས་13ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཀན་ཉིང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྒྲོལ་ཕྱུག་འགྱུར་བཞུགས་མོལ་ཚོགས་འདུའི་ཐོག་བསྟན་གནང་བ་རེད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྟར་ས་ཁུལ་དབུལ་པོར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས་ཁ་བ་བུ་ཡུག་དང་ཚ་གདུག་ལ་མ་འཛེམས་པ་དང་། འདམ་རྫབ་ཁྲོད་ཕེབས་པ་དང་། རི་བརྒྱབ་རླུང་བརྒལ་དང་ལ་བརྒྱབ་ཆུ་བརྒལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་མཚམས་ཚང་མར་དཀའ་གནད་ལ་མཛུབ་སྟོན་གནང་བ་དང་། ཐབས་ཇུས་བཏོན་གནང་བ། དབུལ་པོར་འཚམས་འདྲི་དང་བདེ་སྡུག་སྐོར་བཀའ་འདྲི་གནང་བའི་རྟོག་ཞིབ་གནང་ཐེངས་ཚང་མའི་ཁྲོད། དམངས་འཚོའི་ཐོ་དེབ་ཕྱེ་གནང་བ་དང་འབབ་འཕར་གྱི་རྩིས་བསྐྱོན་གནང་བ། ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཀྱི་དཔྱིད་གསར་དུས་ཆེན་ཚང་མར་མང་ཚོགས་དབུལ་པོའི་ཁྱིམ་དུ་ཕེབས་ནས་བདེ་སྡུག་བཀའ་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་སོགས་རེད།
   “ལོ་འདི་དག་ནང་ངས་སླར་ཡང་གྲོང་ཚོ་དབུལ་པོ་ཁ་ཤས་སུ་སྐྱོད་སྐབས་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་མཐོང་བྱུང་ལ། འགྲོ་ལམ་ཁོད་སྙོམས་ཤིང་ཤར་གཏོང་ཐུབ་པ་དང་སྡོད་ཁང་གསར་པ་ཡུག་དང་ཡུག་སྦྲེལ་ནས་མང་ཚོགས་དབུལ་པོའི་ལྟོ་གོས་ཐད་སེམས་ཁྲལ་གང་ཡང་མེད་པ་མཐོང་བྱུང་། མང་ཚོགས་ཀྱི་ངོ་གདོང་ལས་ལྷག་བསམ་རྣམ་དག་དང་གཞུང་དྲང་བབ་ཆགས་ཀྱི་འཛུམ་མདངས་འཕྱུར་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང”ཞེས་2020ལོའི་ཟླ་3ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་བསྟན་གནང་བ་རེད།
   ལོ་8རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་ནས་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་དང་། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་དམ་བཅའ་ནན་པོ་མངོན་འགྱུར་བྱུང་ཐོག “མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན་པ”གསོན་ཉམས་དོད་པོའི་སྒོ་ནས་གསལ་འགྲེལ་བྱས་ཡོད།