འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་25ཉིན།

༄༅།།ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་25ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
   ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
   2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་རེད། དེ་ལྟ་བུའི་དུས་སྐབས་གལ་ཆེན་དུ་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་ནི་ཏང་གི་ལོ་བརྒྱའི་རླབས་ཆེན་གྱི་འབད་འཐབ་ལོ་རྒྱུས་ཁྲོད་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བརྟན་དུ་དང་ཟབ་ཏུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་དུ་རེད།
   ལས་འགན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་བྱེད་པོའི་འགན་འཁྲི་འཁུར་བ་དང་། འགོ་ཁྲིད་བློ་མཐུན་གཙོ་བོས་རང་ངོ་མས་དམ་འཛིན་དང་སྣེ་ཁྲིད་དཔེ་སྟོན་བྱེད་པ། འགོ་ཁྲིད་སྒྲིག་གཞི་འཛུགས་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་ལས་རིགས་ཁོངས་གཏོགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱི་ཏང་ཙུའུ(ཏང་ཨུད)ཡིས་ཁོངས་གཏོགས་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ་ལྟ་སྐུལ་དང་། མཛུབ་ཁྲིད། ཞིབ་བཤེར་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པའི་འགན་ལེན་བྱེད་ཐུབ། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པ་ནི་ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཏང་ཡོན་དང་ལས་བྱེད་པ་རྣམས་རིམ་པ་དང་ལས་གནས་གང་དུ་གནས་རུང་། ཚང་མས་བློ་གཅིག་སེམས་གཅིག་གིས་དེའི་ནང་ཞུགས་ཏེ་སྦྱངས་ནས་བློ་སྐྱེད་ཡོང་བ་དང་། སྦྱངས་ནས་གོ་རྟོགས་སད་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་བྱེད་དགོས།
   ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པར། ངེས་པར་དུ་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་འཛུགས་དགོས། དངོས་གཙོའི་ལོ་རྒྱུས་ལྟ་བ་ནི་གུང་ཁྲན་ཏང་མིས་ལོ་རྒྱུས་ལ་ངོས་འཛིན་དང་སྟངས་འཛིན་བྱེད་པའི་རྩ་བའི་ཐབས་ལམ་ཞིག་རེད། ལོ་རྒྱུས་ཀྱི་གནད་དོན་སྐོར་གྱི་རང་རེའི་ཏང་གི་གྲོས་ཆོད་གཉིས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་དོན་གཙོ་རྐང་དང་གཙོ་རྒྱུན་ངོ་བོར་སྟངས་འཛིན་གནད་འཁེལ་དང་ཏང་གི་ལོ་རྒྱུས་ཐོག་གི་བྱ་བ་གལ་ཆེན་དང་། ཚོགས་འདུ་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་སྒོ་ནས་གདེང་འཇོག་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་བསམ་བློའི་ཁྲིད་སྟོན་དང་རིགས་པའི་གཞུང་ལུགས་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། དེ་བས་ལེགས་པའི་སྒོ་ནས་ལྷད་མེད་ཁུངས་དག་ཡོང་བ་དང་གཞི་རྩ་གསོ་འཕེལ་བྱེད་དགོས།
   ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པར། ངེས་པར་དུ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལེགས་པར་བསྒྲུབས་པའི་ལོ་རྒྱུས་ཤིག་དང་ཏང་གིས་མི་དམངས་དང་གཅིག་སེམས་གཅིག་སྦྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱས་པའི་ལོ་རྒྱུས་ཤིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། དངོས་ཡོད་ལ་དཔྱད་བསྡུར་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་བྱས་ནས། “བདག་གིས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར་བར་བྱས་ཏེ་སློབ་སྦྱོང་དང་ལས་དོན་ཐ་དད་དུ་མི་འགྱུར་བ་བཅས་བྱེད་དགོས།
   ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པར། ངེས་པར་དུ་བྱེད་སྟངས་དང་ཐབས་ཤེས་གསར་གཏོད་བྱ་རྒྱུར་སྣང་ཆེན་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། སློབ་སྦྱོང་གི་བླང་བྱ་དང་སློབ་སྦྱོང་གི་ལས་འགན་ཁ་གསལ་སྟོན་པ། ནང་དོན་དང་། བྱེད་སྟངས། ཐབས་ཤེས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱེད་པ་དང་། གཅིག་སྡུད་སློབ་སྦྱོང་དང་རང་འགུལ་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཏན་འབེབས་བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཁྱད་ཆོས་འབུར་དུ་ཐོན་པ་དང་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་དང་། གཞི་རིམ། མི་སེམས་བཅས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་བརྗོད་གཞིའི་རིག་རྩལ་བརྩམས་ཆོས་དང་ལྷག་དོན་དུ་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ་གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་སོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དོ་སྣང་བྱེད་དགོས།
   ལོ་རྒྱུས་ཡག་པོ་སྦྱོང་བ་ནི་དེ་བས་ལེགས་པའི་སྒོ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཆེད་རེད། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་པ། ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། དྲང་སྲུང་གསར་གཏོད་ཀྱིས་གོ་སྐབས་དམ་འཛིན་བྱེད་པ། དཔའ་ངར་ཆེར་སྐྱེད་ཀྱིས་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཚེ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དུས་རབས་ཀྱི་འོད་སྟོང་གསར་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་གཏོད་ཐུབ་ངེས་རེད།