འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་24ཉིན།

༄༅།།“བསྟན་འཛིན”ཞེས་པའི་ཚོང་རྟགས་91གི་ཐོ་འགོད་རེ་ཞུ་ཕྱིར་སློག་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་24ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཕྱིར་སློག་བྱས་པའི་མིང་ཐོ་རེད།
འདི་ནི་ཕྱིར་སློག་བྱས་པའི་མིང་ཐོ་རེད།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱིས།“བསྟན་འཛིན”དང་འབྲེལ་བའི་ཚོང་རྟགས་91ཐོ་འགོད་རེ་ཞུ་ཁྲིམས་ལྟར་ཕྱིར་སློག་བྱས་ཡོད། ཕྱིར་སློག་བྱེད་པའི་རྒྱུ་མཚན་ནི་འགའ་རེས་བཀོལ་སྤྱོད་ཀྱི་ཆེད་དུ་མིན་པར་བསམ་ངན་ཁོག་བཅུག་གིས་ཚོང་རྟགས་རེ་ཞུ་བྱས་པ་ཞིག་ཡིན་པ་དང་། འགའ་རེའི་རེ་ཞུར་མགོ་སྐོར་རང་བཞིན་ལྡན་ཞིང་། དེས་སྤྱི་བྱིངས་ལ་ཚོང་ཟོག་གི་སྤུས་ཚད་དང་ཁྱད་ཆོས། ཡང་ན་ཐོན་སྐྱེད་བྱ་ཡུལ་བཅས་གོ་ནོར་ཐེབས་སླ་པོ་ཡོད་པའི་ངོས་འཛིན་བྱས་པ་རེད། དེའི་ཐོག་ནས་བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་བྱེད་པའི་བྱ་སྤྱོད་ལ་འབྲེལ་ཡོད་སྡེ་ཁག་གིས་རྡུང་རྡེག་ནན་པོ་གཏོང་བའི་ལངས་ཕྱོགས་བརྟན་པོ་ཡིན་པ་གསལ་པོ་མཚོན་ཐུབ། 
 དཀར་མཛེས་ཀྱི་ཕོ་གསར་བསྟན་འཛིན་དྲ་ཐོག་ཏུ་སྐད་གྲགས་ཆོད་རྗེས། བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་མཁན་མང་པོ་བྱུང་ཡོད་ཅིང་། བསྟན་འཛིན་གྱི་མིང་འཁྱེར་ནས་ཐད་ཀར་རེ་ཞུ་བྱེད་མཁན་ཡོད་ལ། ང་རང་བསྟན་འཛིན་ལ་དགའ། བསྟན་འཛིན་དང་འཕྲད་པ། ཕོ་གཞོན་བསྟན་འཛིན་ཞེས་པ་སོགས་ཀྱི་འབྲེལ་ཡོད་ཚོང་རྟགས་རེ་ཞུ་བྱེད་མཁན་ཡང་ཡོད། བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་པའི་བྱ་སྤྱོད་རིགས་སྔོན་མ་ནས་ཐོན་མྱོང་ཡོད་ཅིང་། ཐུའུ་ཡུའུ་ཡུའུ་དང་། ཉིང་ཙེ་ཐའོ། ཡའོ་མིང་སོགས་སྐད་གྲགས་ཤིན་ཏུ་ཆེ་བའི་མིང་ཡང་སྔོན་མ་རང་ཉིད་ཀྱིས་མ་ཤེས་པའི་གནས་ཚུལ་འོག་གཞན་གྱིས་བེད་སྤྱོད་བྱས་ཡོད།  བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་པའི་རྒྱབ་ངོས་སུ་འབྲེལ་ཡོད་རེ་ཞུ་བྱེད་མཁན་གྱིས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཆེད་ཐབས་ངན་གང་རུང་སྤྱད་པ་ཞིག་རེད། གནས་ཚུལ་སྤེལ་བར་གཞིགས་ན། བསྟན་འཛིན་ཞེས་པའི་ཚོང་རྟགས་རེ་ཞུ་བྱེད་མཁན་ཀུང་སི་ཞིག་གིས་ཚོང་རྟགས་བདག་དབང་མ་ཐོབ་གོང་ནས་རིན་གོང་སྒོར་ཁྲི་18.8བྱས་ནས་འཚོང་རྩིས་བྱས་ཡོད། ཚོང་རྟགས་རེ་ཞུ་བྱེད་པའི་ཐོག་མའི་དམིགས་ཡུལ་ནི་ཚོང་ལས་ཐོག་བེད་སྤྱོད་བྱེད་ཆེད་ཡིན་པ་ལས། འབིར་གྲགས་བཟོས་ནས་ཁེ་བཟང་ཟ་བའི་ཆེད་དུ་མིན།  ལོ་མང་རིང་ཐོན་པའི་འུར་རྒྱུགས་ཐོ་འགོད་ཧམ་རྩོད་བྱེད་པའི་སྣང་ཚུལ་དེ་དང་ཚོང་རྟགས་ཐོ་འགོད་བྱེད་པའི་དམིགས་ཡུལ་རྦད་དེ་རྒྱབ་འགལ་དུ་སོང་།  
   བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་པའི་བྱ་སྤྱོད་དེ་དྲང་བདེན་ཡིད་རྟོན་གྱི་རྩ་དོན་དང་འགལ་ཞིང་། མི་གཞན་གྱི་སྔོན་བརྩིའི་ཁེ་དབང་ལ་བཙན་གནོད་བྱས་པ་དང་། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། དེར་བརྟེན་དེའི་རིགས་རང་དགར་འཇོག་རྒྱུ་མེད་པའི་ཐོག  ངེས་པར་དུ་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། 
   བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་པའི་སྣང་ཚུལ་ཟང་ཟིང་ཇེ་ཆེར་འགྲོ་བར་དམིགས་ནས། ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལས་ཀ་ཧུར་ཐག་སྤེལ་ནས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་དགོས་ཤིང་། བསྟན་འཛིན་ཞེས་པའི་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་རིགས་ཕྱིར་སློག་བྱས་པ་ལྟར་རང་འགུལ་ངང་རྒོལ་ལན་སློག་དགོས། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཚོང་རྟགས་ཅུས་ཀྱིས་དེ་སྔོན། ཚོང་རྟགས་བསམ་ངན་ཐོག་ཐོ་འགོད་དང་བསྡུ་རུབ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་དང་། དུས་མཚུངས་སུ་ཚོང་རྟགས་ཞིབ་བཤེར་ལམ་ལུགས་འཐུས་ཚང་བཟོས་ནས། ཚོང་རྟགས་ལས་དོན་ཚད་ལྡན་དང་ཁྲིམས་སྐྱོང་ཅན་དུ་སྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད། 
   དེ་བཞིན། བདག་དབང་ཡོད་མཁན་གྱིས་ཀྱང་དོགས་ཟོན་ཆེར་སྐྱེད་བྱས་ནས་སྲུང་སྐྱོང་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་། འཕྲལ་མར་བཅའ་ཁྲིམས་ལ་བརྟེན་དགོས་ཤིང་།  ཚོང་རྟགས་དབང་ཆར་བཙན་གནོད་ཕོག་པའི་བསམ་འཆར་མི་འདྲ་བ་འདོན་པ་དང་རྩིས་འགྲོ་མེད་པ་སོགས་ཀྱི་ལས་རིམ་ཁྲིམས་ལྟར་བརྒྱུད་ནས། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པ་ནི་སྨྲོས་མེད་ཡིན།  གཞན་ཡང་བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་ཧམ་རྩོད་བྱེད་པའི་བྱ་སྤྱོད་རིགས་བཀག་འགོག་བྱས་ནས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཤུགས་ཆེ་བྱེད་དགོས་པ་དང་། ད་དུང་དམངས་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཆེར་བཏང་ནས། ཤེས་བྱར་བརྩི་འཇོག་དང་། གསར་གཏོད་གོང་དུ་བཀུར་བ། དྲང་བདེན་ཁྲིམས་སྲུང་བཅས་ཀྱི་སྤྱི་ཚོགས་རྣམ་པ་ཞིག་ཆགས་པ་བྱེད་དགོས།