འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་23ཉིན།

༄༅།།རྒྱ་ཆེའི་ཞིང་པ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་23ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འགག་སྒོར་སླེབས་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་བ་བཅས་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། དཔྱིད་ཀ་ཤར་མ་ཐག་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དེ་ནི་དུས་རབས་གསར་པར་སླེབས་ཚུན་ཏང་ཀྲུང་དབྱང་གིས་རྒྱུན་མཐུད་ངང་བཏོན་པའི“ཡིག་ཆ་ཨང་དང་པོ”བཅོ་བརྒྱད་པ་དེ་རེད། འདི་ལོའི“ཡིག་ཆ་ཨང་དང་པོའི”ཐོག་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་ཁོང་དུ་ནན་པོ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་བཅས་ལ་དམིགས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས་ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་ཀྱི་སྡོད་མལ་དང་ལས་གཏོད་ལ་འཚམ་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་འཕེལ་རིམ་གལ་ཆེན་བྱུང་བ་དང་གྲོང་གསེབ་དར་རྒྱས་ཐད་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། འབྲུ་རིགས་ཐོན་འབོར་རྒྱུན་མཐུད་ངང་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་དུ་བརྟན་པོ་བྱུང་བ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་ལས་ལྡབ་གཅིག་ལྷག་ཙམ་འཕར་ཡོད། དུས་རབས་གསར་པར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་ཟིན་ནས་དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་དབུལ་པོ་སྤྱི་ཡོངས་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བྱུང་སྟེ་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་། གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བ། གྲོང་གསེབ་དུས་མཚུངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ལ་ཉེ་བ་བཅས་བྱུང་ཡོད།
   ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་ཏང་དང་རྒྱལ་ཁབ་ཀྱིས་དཀའ་ཉེན་སྣ་ཚོགས་ལས་རྒྱལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་ཆེད། “གྲུ་རྡོ”ལྟ་བུའི་ནུས་པ་བཏོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་བཀོད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པས་ཏང་གི“ཞིང་གསུམ”སྲིད་ཇུས་ལ་ཞིང་པ་དུང་ཕྱུར་མང་པོའི་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་ཐོབ་པ་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་ནི་སྔར་བཞིན་གྲོང་གསེབ་ཏུ་གནས་པ་དང་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་རྨང་གཞི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད”ཅེས་བསྟན་གནང་ཡོད། ངེས་པར་དུ་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་གཙོ་གནད་དང་དཀའ་གནད་ནི“ཞིང་གསུམ”དུ་གནས་ཡོད་པས་ཞིང་ལས་དང་གྲོང་གསེབ་ཀྱི་ཞན་ཆ་གང་ལེགས་བསལ་ནས་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་གཏིང་ཤུགས“ཞིང་གསུམ”དུ་གནས་ཡོད་པས་གྲོང་གསེབ་ཀྱི་དགོས་མཁོ་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བྱེད་དགོས་པ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་རྨང་གཞིའི་འདེགས་སྐྱོར“ཞིང་གསུམ”དུ་གནས་ཡོད་པས་ཞིང་ལས་ཀྱི་གཞི་གདན་བརྟན་པོ་ཡོང་བར་བྱས་ནས“ཞིང་གསུམ”གྱི་རྨང་གཞི་བརྟན་པོ་སྲུང་དགོས་པ་བཅས་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་སྔར་བཞིན་གལ་འགངས་ཧ་ཅང་ཆེན་པོ་ཡོད་པས་ལྷོད་གཡེང་གཏན་ནས་མི་གཏོང་བར་ངེས་པར་དུ་དམ་འཛིན་ཏན་ཏིག་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་བཏང་སྟེ་རྒྱ་ཆེའི་ཞིང་པ་ཚོ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།
   མི་རིགས་བསྐྱར་དར་ཡོང་བ་བྱེད་པར་གྲོང་གསེབ་ངེས་པར་དུ་དར་རྒྱས་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྗེས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་ནི“ཞིང་གསུམ”ལས་ཀའི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་གཤམ་སྒྱུར་བྱས་པ་ཞིག་རེད། ང་ཚོས“ཡིག་ཆ་ཨང་དང་པོའི”དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཐོག་ནས“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་འབྲེལ་མཐུད་ཀྱི་བར་བརྒལ་དུས་ཚོད་གཏན་འཁེལ་བྱས་ནས་བར་བརྒལ་དུས་ཚོད་ནང་སྲིད་ཇུས་ཁག་བརྟན་པོའི་ངང་བར་བརྒལ་ཐུབ་པ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་དབུལ་པོ་བསྐྱར་ལོག་བཀག་འགོག་གི་འགུལ་རྣམ་་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་མཐུད་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱེད་དགོས། ཞིང་ལས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཡིན་པ་ལག་བསྟར་གྱིས་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབོར་མི་ཆག་པའི་འགན་ལེན་བྱེད་དགོས། འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་ཡོང་བའི་དམག་འཐབ་ཡག་པོ་བརྒྱབ་སྟེ་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པ། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དེང་རབས་ཞིང་ལས་ཚན་རྩལ་དང་དངོས་པོའི་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་བསྐྲུན་པ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཞིང་ལས་གཉེར་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཀྱི་འཆར་འགོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་སྤུས་ཚད་མཐོར་གཏོང་གི་ལོ་ལྔའི་བྱ་སྤྱོད་ལག་བསྟར་བྱེད་པ། གྲོང་གསེབ་ཀྱི་རྨང་གཞིའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་འཛད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ལས་ཀའི་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་དཔྱད་ཞིབ་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
   འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་ལོ་ཞིག་རེད་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་མདུན་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་པོ་དེའང་ཡིན་པས་ལས་དོན་མཐའ་དག་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་རྒྱུར་དམིགས་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ། སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྒྲིལ་བྱེད་པ། བྱེད་ཐབས་དེ་བས་ནུས་ལྡན་སྤྱོད་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་བཅས་བྱས་ཚེ་ང་ཚོས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ་ངེས་རེད།