འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་22ཉིན།

༄༅།།མཐོ་རྒྱུགས་གཡོ་ལས་བྱས་པའི་གྱོད་གཞིར་ཁྲིམས་ཐག་བཅད་པ་དང་། ཁྱིམ་བདག་ལའང་ཁྲིམས་ཆད་
བཅད་ཡོད

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་22ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན། ཀྲུང་གོ་ཁྲུན་གཅོད་ཡི་གེའི་དྲ་ཐོག་ཏུ་སྤེལ་བའི་ཞིང་ཆེན་བརྒལ་ནས་མཐོ་རྒྱུགས་གཡོ་ལས་སྒྲིག་འཛུགས་བྱས་པའི་གྱོད་གཞིའི་མཐའ་མའི་འདྲི་གཅོད་བཅད་ཁྲར་དོ་ཁུར་བྱེད་མཁན་རྒྱ་ཆེན་པོ་བྱུང་ཡོད།  བུ་ཕྲུག་སློབ་ཆེན་དུ་རྒྱུགས་འཕྲོད་ཐུབ་ཆེད། ཁྱིམ་བདག་གིས་སེར་སྣ་མེད་པར་ཞིང་ཆེན་བརྒལ་ནས་ཁང་པ་ཉོ་བ་དང་། ཐེམ་ཐོ་སྒྱུར་བ། ས་གནས་གཞན་དུ་མིང་ཐོ་སྤོ་བ། གླ་རིན་ཆེན་པོ་སྤྲད་དེ་མི་བཙལ་ནས་རྒྱུགས་ཚབ་གཏོང་དུ་བཅུག་པ་བཅས་བྱས་ཤིང་། དེ་དག་བྱེད་དགོས་པ་ཚང་མ་ནི་ཁྲིམས་དང་མི་མཐུན་པའི་དམིགས་ཡུལ་ཏེ་མཐོ་རྒྱུགས་གཡོ་ལས་བྱེད་པའི་ཆེད་དུ་ཡིན། གྱོད་གཞི་འདིའི་ཞུ་སྦྱོར་ཕྱི་མ་སྟེ་སྒྲིག་འཛུགས་བྱེད་མཁན་དང་། རྒྱུགས་ཚབ་གཏོང་མཁན། རྒྱུགས་ཞུགས་སློབ་མའི་ཁྱིམ་བདག་བཅས་ཚང་མར་ཁྲིམས་ཆད་བཅད་ཡོད། 
   ཕ་ཡུལ་གཅིག་པས་རྒྱུགས་ཞུགས་སློབ་མར་བོད་ལྗོངས་ཀྱི་ཐེམ་ཐོ་བཟོས་པ་དང་། ཞིབ་འཇུག་སློབ་མས་ཞིང་ཆེན་བརྒལ་བའི་མཐོ་རྒྱུགས་གཡོ་ལས་ལ་ཞུགས་པ། 
    2018ལོར། ཧྲན་ཏུང་ཧོ་ཙེའི་སློབ་འབྲིང་སློབ་མ་གཉིས་མཐོ་རྒྱུགས་ལ་ཞུགས་ཉེའི་མཚམས་སུ། སློབ་མ་གཉིས་ཀྱི་ཨ་མའི་ཕ་ཡུལ་གཅིག་པ་བ་ལི་ཆེ་གེ་མོ་ཡིས། ཁྱིམ་བདག་གིས་བོད་ལྗོངས་སུ་ཁང་པ་ཉོས་པ་དང་ཐེམ་ཐོ་བོད་ལྗོངས་སུ་བསྒྱུར་ན། བོད་ལྗོངས་ནས་མིང་ཐོ་བཀོད་དེ་མཐོ་རྒྱུགས་ལ་ཞུགས་ཆོག་པའི་སྐོར་བཤད་པ་དང་།  བརྟན་པོ་ཡོང་ཆེད་མོས་མི་བཙལ་ནས་མཐོ་རྒྱུགས་གཏོང་དུ་བཅུག་སྟེ་སློབ་མ་དངོས་གཞིར་ཞུགས་ཐུབ་པའི་ཁས་ལེན་བྱས། 
    སློབ་མ་གཉིས་ཀྱི་ཁྱིམ་བདག་གི་སློབ་རྒྱུས་མཐོ་པོ་མེད་ཅིང་། གཅིག་ནི་སློབ་འབྲིང་མཐར་ཕྱིན་པ་དང་། གཅིག་ནི་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད། སློབ་མ་གཅིག་གི་ཁྱིམ་བདག་གིས་ལི་ཆེ་གེ་མོར་སྒོར་ཁྲི་70སྤྲད་ཅིང་། སྒོར་ཁྲི་60ཡིས་ཁང་པ་ཉོ་བ་དང་ཐེམ་ཐོ་སྒྱུར་བའི་ཆེད་དུ་སྤྱོད་པ་དང་། ལྷག་འཕྲོས་སྒོར་ཁྲི་10ཡིས་རྒྱུགས་ཚབ་གཏོང་མཁན་འཚོལ་བར་སྤྱོད་རྩིས་བྱས་ཡོད། 
   དེ་ལྟར་ཕར་ཚུར་འགྲོ་རྒྱུགས་བྱས་རྗེས། སློབ་མ་གཉིས་ཀྱི་ཐེམ་ཐོ་བསྒྱུར་བ་དང་། ཐོབ་ཐང་ལག་འཁྱེར་བཟོས་པ་མ་ཟད། ད་དུང་བོད་ལྗོངས་ནས་མཐོ་རྒྱུགས་ལ་ཞུགས་ཆོག་པའི་ཐོབ་ཐང་རག་ཡོད། 
   དེའི་རྗེས། ལི་ཆེ་གེ་མོ་ཡིས་རྒྱུགས་ཚབ་ཞུགས་མཁན་གྱི་དོན་དེ་ལི་ཧྲའེ་ཆེ་གེ་མོ་ལ་མངག་བཅོལ་བྱས། ལི་ཧྲའེ་ཆེ་གེ་མོས་ཧྲེན་ཀྲེན་དུ་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་བཞིན་པའི་ལིའུ་ཆེ་གོ་མོ་བཙལ་ཏེ་མཐོ་རྒྱུགས་ཚབ་གཏོང་བྱེད་དུ་བཅུག་པ་མ་ཟད།  གལ་ཏེ་དངོས་གཞིའི་རིམ་པ་དང་པོར་རྒྱུགས་འཕྲོད་ན་སྒོར་ཁྲི་4དང་དངོས་གཞིའི་རིམ་པ་གཉིས་པར་རྒྱུགས་འཕྲོད་ན་སྒོར་ཁྲི་3སྤྲོད་རྒྱུའི་ཁས་ལེན་བྱེད། 
   ལིའུ་ཆེ་གེ་མོས་མོས་མཐུན་བྱས་རྗེས། ཁོས་སླར་ཡང་རང་གི་སློབ་གྲོགས་ཤིག་བཙལ་ནས་མཉམ་དུ་རྒྱུགས་ཚབ་གཏོང་བར་ཕྱིན་ཡོད།  མཐའ་མཇུག་ལིའུ་ཆེ་གེ་མོ་དང་དེའི་སློབ་གྲོགས་ཀྱིས་བདེ་བླག་ངང་རྒྱུགས་ཚབ་བཏང་ཟིན་ཞིང་། དེའི་ཁྲོད་ནས་སློབ་མ་གཅིག་གི་རྒྱུགས་འབྲས་སྐར་གྲངས་489ལོན་ནས་ཞི་ཨན་གྱི་སློབ་ཆེན་ཞིག་ཏུ་ཚུད་པ་དང་།  སློབ་མ་གཞན་གཅིག་གི་རྒྱུགས་འབྲས་སྐར་གྲངས་321ལས་མ་ལོན་པར་སློབ་ཆེན་ལ་ཚུད་མེད། 
   རྒྱུགས་ཚབ་གཏོང་མཁན་ཡུལ་དངོས་ནས་བཟུང་བ་དང་། ཁྱིམ་བདག་དང་། རྒྱུགས་ཚབ་གཏོང་མཁན། སྒྲིག་འཛུགས་བྱེད་མཁན་བཅས་ཚང་མར་ཁྲིམས་ཆད་བཅད་པ། 
   ཐབས་ཤེས་དེ་གོ་ཆོད་པོ་ཡོད་པ་མཐོང་བས། ལི་ཆེ་གེ་མོས་སློབ་སྦྱོང་ཞན་པའི་རང་གི་ཚ་བོ་ཞའོ་ཁྲེན་དྲན་ནས། ཞའོ་ཁྲེན་གྱི་ཨ་མ་དང་གྲོས་བསྡུར་བྱས་ཏེ། ཧྲན་ཏུང་ཧོ་ཙེ་མཐོ་འབྲིང་སློབ་གྲྭར་འགྲོ་བཞིན་པའི་ཞའོ་ཁྲེན་གྱི་ཐེམ་ཐོ་བོད་ལྗོངས་སུ་བསྒྱུར། ལི་ཧྲའེ་ཆེ་གེ་མོའི་རོགས་རམ་འོག ལི་ཆེ་གེ་མོས་སླར་ཡང་ལིའུ་ཆེ་གེ་མོ་དང་འབྲེལ་བ་བྱས་ནས། ཐེངས་འདིར་དངོས་གཞིའི་རིམ་པ་དང་པོར་རྒྱུགས་འཕྲོད་ན་སྒོར་ཁྲི་5སྤྲོད་རྒྱུའི་ཁས་བླངས། 
   2019ལོའི་ཟླ་6ཚེས་7ཉིན་མཐོ་རྒྱུགས་སྤྲོད་བཞིན་པའི་ཕྱི་དྲོར། རྒྱུགས་བཤེར་པས་ལིའུ་ཆེ་གེ་མོ་རྒྱུགས་ཚབ་གཏོང་མཁན་ཡིན་པ་ཤེས་རྟོགས་བྱུང་། དེ་རྗེས་ཉེན་རྟོག་པས་གྱོད་གཞི་ཐོ་བཀོད་ནས་བརྟག་དཔྱད་བྱས་ཏེ་གྱོད་འབྲེལ་མི་སྣ་སྔ་རྗེས་སུ་ཁྲིམས་ལ་སྦྱར། 
   ཁྲིམས་ཁང་གིས་ལི་ཆེ་གེ་མོ་དང་ལི་ཧྲའེ་ཆེ་གེ་མོ་གཉིས་ཀྱིས་རྒྱུགས་སྤྲོད་སློབ་མ་གསུམ་ཞིང་ཆེན་བརྒལ་ནས་རྒྱུགས་སྤྲོད་ལ་ཞུགས་པའི་གཡོ་ལས་སྒྲིག་འཛུགས་ཐེངས་གཉིས་བྱས་པ་དེ་གནས་ཚུལ་ཚབས་ཆེ་བ་དང་། ཉེས་ཁྲིམས་དང་འགལ་ཞིང་། རྒྱུགས་སྤྲོད་གཡོ་ལས་སྒྲིག་འཛུགས་བྱས་པའི་ཉེས་པ་བསགས་པར་བརྟེན་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་དང་། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ཡིག་རྒྱུགས་ཏེ་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ནང་། སློབ་མའི་ཁྱིམ་བདག་གིས་མི་གཞན་ལ་རང་ཉིད་ཀྱི་བུ་ཕྲུག་གི་ཚབ་བྱས་ནས་ཡིག་རྒྱུགས་ནང་ཞུགས་སུ་བཅུག་པའི་བྱ་སྤྱོད་དེས་རྒྱལ་ཁབ་ཀྱི་ཡིག་རྒྱུགས་ལམ་ལུགས་ལ་བཙན་གནོད་བྱས་པ་ཞིག་ཡིན་པ་དང་།  ཉེས་ཁྲིམས་དང་འགལ་ཞིང་། ཡིག་རྒྱུགས་ཚབ་གཏོང་བྱེད་དུ་བཅུག་པའི་ཉེས་པ་བསགས་ཡོད་པས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་དང་། དུས་མཚུངས་རྒྱུགས་སྤྲོད་སློབ་མ་དེའི་སློབ་ཐོ་མེད་པ་བཟོ་དགོས་པའི་ངོས་འཛིན་བྱས་ཡོད། 
    མཐའ་མཇུག་ལི་ཆེ་གེ་མོ་དང་ལི་ཧྲའེ་ཆེ་གེ་མོ་སོགས་ཀྱིས་རྒྱུགས་ཞུགས་གཡོ་ལས་སྒྲིག་འཛུགས་བྱས་པའི་ཉེས་པ་བསགས་པར་བརྟེན་ཁག་སོ་སོར་དུས་བཙོན་ལོ་གསུམ་དང་ལོ་གཉིས་དང་ཟླ་བ་དྲུག་སྟེ་ཉེས་ཆད་ཕྱིར་འགྱངས་ཀྱི་ཆད་པ་བཅད་པ་དང་སྦྲགས། ཁག་སོ་སོར་སྒོར་30000ནས་སྒོར་8000བར་གྱི་དངུལ་ཆད་མི་འདྲ་བ་བཅད་ཡོད།  ལིའུ་ཆེ་གེ་མོ་སོགས་ཀྱིས་རྒྱུགས་ཚབ་ལ་ཞུགས་པའི་ཉེས་པ་བསགས་པར་ཁག་སོ་སོར་བཀག་ཉར་ལས་སྐུལ་ཟླ་བ་ལྔ་སྟེ་བཀག་ཉར་ལས་སྐུལ་གྱི་ཉེས་ཆད་ཕྱིར་འགྱངས་ཀྱི་ཆད་པ་བཅད་པ་དང་སྦྲགས། སྒོར་10000ནས་སྒོར་4000བར་གྱིདངུལ་ཆད་མི་འདྲ་བ་བཅད་ཡོད། ཞུ་སྦྱོར་ཕྱི་མ་5པོར་ཉེས་ཆད་ཕྱིར་འགྱངས་ཀྱི་ཚོད་བགམ་བྱེད་པའི་དུས་ཚད་ནང་སློབ་གསོའི་རྒྱུགས་ལེན་དང་གསོ་སྦྱོང་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་མིཆོག་པ་བཟོས་པ་དང་། འབྲེལ་ཡོད་ཁྲིམས་འགལ་གྱི་ཐོབ་ཆ་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་རྩིས་སྤྲོད་བྱ་རྒྱུ་རེད།