འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་19ཉིན།

༄༅།།གཙོད་རྫི་འབྲོག་མི།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་19ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གཙོད་རྫི་འབྲོག་མི།
    མི་དམངས་དྲ་བའི་འཕྲིན། ད་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་དུས་གཅིག་ལ་འཁེལ་ཡོད། ལོ་གསར་ཚེས་པ་གཅིག་ལ། མི་གཞན་རྣམས་དཔྱིད་གསར་དུས་ཆེན་གྱི་རྣམ་པར་དབྱིངས་ནས་ཡོད་དུས། བྱང་ཐང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཚུལ་ཁྲིམས་མཐར་ཕྱིན་གྱིས་ཞོགས་ཇ་འཐུང་རྗེས། རང་གི་བུ་མོ་ལ་འོ་ཞིག་བྱེད་རྗེས། འཕྲུལ་རྟ་བཞོན་ནས་བོད་རང་སྐྱོང་ལྗོངས་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་ནས། བོད་ལྕགས་གླང་ལོའི་ནང་སྐོར་ཞིབ་ཐེངས་དང་པོ་བྱེད་མགོ་བརྩམས། 
   “ཉིན་འདི་དག་ལ། ཤོག་སྦག་འཕེན་མཁན་མང་བས། མེ་སྐྱོན་ལ་དོགས་ཟོན་བྱེད་དགོས། གཞན་ཡང་། གཙོད་ཀྱི་དགུན་དུས་འཚོ་བའི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པས། ལོ་གསར་ནི་སྐོར་ཞིབ་ཁྲོད་བཏང་རྒྱུ་རེད།”ཅེས་ཚུལ་ཁྲིམས་མཐར་ཕྱིན་གྱིས་བཤད། 
    སེར་གླིང་མཚོ་རང་བྱུང་སྲུང་སྐྱོང་ཁུལ་ནི་བྱང་ཐང་གི་ལྟེ་བར་གནས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700བརྒལ་ཡོད། རང་བྱུང་ཆ་རྐྱེན་ཞན་པས། འདི་ལ་མི་རིགས་ཚེ་སྲོག་བཀག་སྡོམ་ཁུལ་ཞེས་འབོད་མོད། ཡིན་ནའང་། རི་སྐྱེས་སྲོག་ཆགས་ཀྱི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད། 
   སྐོར་ཞིབ་ཁྲོད། ཚུལ་ཁྲིམས་མཐར་ཕྱིན་གྱིས་གཙོད་ཁྱུ་གཅིག་མཐོང་བས། ཁོང་གིས་ཆེད་དུ་བར་ཐག་ཞེ་ནས། ལག་གཡོན་གྱིས་རྒྱང་ཤེལ་བཟུང་ནས་གཟབ་ནན་གྱིས་ལྟ་ཞིབ་བྱེད་པ་དང་། ལག་གཡས་པས་ཟིན་བྲིས་དེབ་ཐོག་རང་ཉིད་ཀྱིས་མཐོང་བའི་གཙོད་གནས་ས་དང་དུས་ཚོད། ཁ་གྲངས། དེ་བཞིན་དུ་ཕོ་མོ་སོགས་ཀྱི་གནས་ཚུལ་ཟིན་ཐོ་བཀོད། 
   “ད་ལྟ་ཉིན་རེར་སྐོར་ཞིབ་དུས་ཡུན་ཇི་ཙམ་བྱེད་བཞིན་ཡོད་དམ།”ཞེས་གསར་འགོད་པས་ཚུལ་ཁྲིམས་མཐར་ཕྱིན་ལ་དྲི་བ་དྲིས།
    “དུས་ཚོད་གཏན་འཁེལ་མེད་པ་རེད། སྤྱི་བཏང་དུ་ང་ཚོས་ཉིན་རེར་སྤྱི་ལེ་200ཡས་མས་སུ་འགྲོ་བ་ལ་ཆུ་ཚོད་7དང་ཡང་ན་ཆུ་ཚོད་8ཙམ་དགོས་པ་རེད། གལ་ཏེ་རི་སྐྱེས་སྲོག་ཆགས་རྨས་ཕོག་ཡོད་པ་མཐོང་དུས་རོགས་སྐྱོབ་བྱེད་དགོས། ཁྱིམ་དུ་ལོག་མི་ཐུབ་ཅིང་། གུར་ཕུབ་པའམ་ཡང་ནས་རོགས་སྐྱོབ་ས་ཚིགས་སུ་ཞག་སྡོད་བྱེད་དགོས།”ཞེས་ཚུལ་ཁྲིམས་མཐར་ཕྱིན་གྱིས་བཤད། མཚམས་རེར་གལ་ཆེའི་སྐོར་ཞིབ་ལས་དོན་འབྱོར་དུས། ཉིན་གཅིག་ལ་ལམ་ཐག་སྤྱི་ལེ་400ལྷག་འགྲོ་དགོས། 
   ད་ལྟ་ལོ་33ཡིན་པའི་ཚུལ་ཁྲིམས་མཐར་ཕྱིན་ནི་ལོ་12རིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་བྱེད་ཟིན་ཡོད། ཁོང་གི་སྐད་འཕྲིན་མིང་ལ་“གཙོད་རྫི་འབྲོག་མི”ཞེས་བྲིས་འདུག ཁོང་གིས་རང་ཉིད་ལ་རི་སྐྱེས་སྲོག་ཆགས་དང་སྙིང་ཉེ་བྱེད་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཡོད་པས། ཧ་ཅང་ལས་སླ་བའི་ངང་བྱ་རིགས་བཅུ་ལྷག་དབྱེ་བ་འབྱེད་ཐུབ་ལ། བར་ཐག་སྤྱི་ལེ་ཁ་ཤས་ཡོད་པའི་མཚམས་ནས་རི་སྐྱེས་སྲོག་ཆགས་ཀྱི་རྐང་རྗེས་མཐོང་ཐུབ་ཟེར། གསར་འགོད་པས་ཁོང་གི་ལག་རྒྱབ་ཀྱི་རྨ་ཁ་ཞིག་མཐོང་། ཚུལ་ཁྲིམས་མཐར་ཕྱིན་གྱིས་དེ་ནི་ལོ་འགའི་སྔོན་དུ་གསའ་ཡིས་རྨུག་པ་སྟེ། ཁོང་གིས་གསའ་རོགས་སྐྱོབ་བྱེད་དུས་གཟབ་གཟབ་མ་བྱེད་པས་རྨུག་པ་རེད། “གསའ་ང་ལ་དགའ་དྲག་ནས་འདི་ནི་ཁོང་གི་འོ་བྱེད་པ་རེད།”ཟེར། 
   བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ། ཚུལ་ཁྲིམས་མཐར་ཕྱིན་དང་འདྲ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་42ཡོད། རི་སྐྱེས་སྲོག་ཆགས་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཆེད། 2015ལོ་བོད་རང་སྐྱོང་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དོ་དམ་ལམ་སྲོལ་སྒྱུར་བཅོས་ཚོད་ལྟ་གནས་སྤེལ་བ་སྟེ། “ཅུས་དང་ཡན་ལག་ཅུས། ས་ཚུགས་དང་ས་ཚུགས་ཁག”རིམ་པ་བཞི་ཅན་གྱི་དོ་དམ་ལམ་སྲོལ་ལག་བསྟར་བྱས་པ་དང་། དྲ་མིག་ཅན་གྱི་སྲུང་སྐྱོང་སྐུལ་འདེད་བྱས་ནས། དོ་དམ་ཡན་ལག་ཅུས་2དང་། དོ་དམ་ས་ཚུགས་73བཙུགས་ཡོད། མིག་སྔར་འབྲོག་མི་780ནི་ཆེད་དོན་སྲུང་སྐྱོང་བ་གྱུར་ཡོད། 
    མིག་སྔའི་བར། བོད་ལྗོངས་སུ་འབྲོང་གི་ཁ་གྲངས་ཁྲི་4ལྷག་ཡོད་ཅིང་། དེ་ནི་2003ལོ་དང་བསྡུར་ན་ཁྲི་2.5མང་དུ་ཕྱིན་ཡོད། གཙོད་ཀྱི་ཁ་གྲངས་ནི་ཁྲི་5ནས་ཁྲི་20བར་མང་དུ་ཕྱིན་ཡོད། རྐྱང་ནི་ཁྲི་5ནས་ཁྲི་9བར་མང་དུ་ཕྱིན་ཡོད། དྲེད་མོང་དང་སྤྱང་ཀི ཝ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 
   “ད་ལྟ་སྲུང་སྐྱོང་ཤུགས་ཆེ་བྱེད་བཞིན་ཡོད་པས། རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་མང་དུ་འགྲོ་ཚད་མགྱོགས་པོ་ཡོད། མི་དང་རི་སྐྱེས་སྲོག་ཆགས་རྩྭ་ཐང་སྟེང་འཆམ་མཐུན་ངང་འཚོ་ཡོད”ཅེས་ཚུལ་ཁྲིམས་མཐར་ཕྱིན་གྱིས་བཤད། “ངའི་བུ་མོ་ནི་ད་ལྟ་ལོ་ཆུང་ཆུང་རེད། ཡིན་ནའང་། ཁོ་མོས་རི་སྐྱེས་སྲོག་ཆགས་རིགས་མང་པོ་ཤེས་ཀྱིན་ཡོད། ང་ཚོའི་མི་རབས་ཀྱིས་སྲུང་སྐྱོང་ཡག་པོ་བྱེད་ན། བུ་མོ་ཆེ་དུས་ད་དུང་མུ་མཐུད་དུ་རི་སྐྱེས་སྲོག་ཆགས་དང་གྲོགས་པོ་སྒྲིག་ཆོག”
【1】  【2】  【3】
༄༅།།གཙོད་རྫི་འབྲོག་མི།