འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་9ཉིན།

༄༅།།འདི་ཚང་ལ་སྒོར་ཁྲི་300ཡི་སྲིད་འཛིན་ཆད་པ་བཅད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་09ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། གསར་འགོད་པས་ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུས་གཞུང་གི་དྲ་ཚིགས་ནས་ཤེས་རྟོགས་བྱུང་གསལ། དེ་རིང་། ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས་ཁྲིམས་ལྟར་ཝེ་ཕིང་ཧུའེ་(ཀྲུང་གོ)ཚད་ཡོད་ཀུང་སི་ལ་སྒོར་ཁྲི་300ཡི་སྲིད་འཛིན་ཆད་པ་གཅོད་རྒྱུ་ཐག་བཅད། 
    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་1པོར། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་ཝེ་ཕིང་ཧུའེ་(ཀྲུང་གོ)ཚད་ཡོད་ཀུང་སི་ལ་དྲང་བདེན་མིན་པའི་འགྲན་རྩོད་བྱས་པའི་ནག་ཉེས་དོགས་གཞི་ཡོད་པས་རྟོག་ཞིབ་བྱས་པ་རེད། 
   ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། ཞིབ་བཤེར་བྱས་པ་བརྒྱུད། 2020ལོའི་ཟླ་8པ་ནས་ཟླ་12པའི་བར། ཝེ་ཕིང་ཧུའེ་(ཀྲུང་གོ)ཚད་ཡོད་ཀུང་སིས་འགྲན་རྩོད་ཀྱི་ལེགས་ཆ་དང་ཉོ་ཚོང་གི་གོ་སྐབས་ཐོབ་ཆེད། སྐོར་ཞིབ་མ་ལག་གསར་སྤེལ་དང་བེད་སྤྱོད་བྱས་ནས། དུས་གཅིག་ཏུ་ཀུང་སི་དེ་རང་དང་ཀུང་སི་གཞན་དུ་ཚོང་རར་བྲིན་འཚོང་བྱེད་པའི་ཚོང་རྟགས་གྲགས་ཅན་གཉེར་སྐྱོང་བྱེད་མཁན་གྱི་ཆ་འཕྲིན་རག་ཐབས་བྱས་པ་དང་། མཁོ་སྤྲོད་ཚོང་པའི་སྟེགས་བུའི་མ་ལག་དང་། རིག་ནུས་ཅན་གྱི་དྲ་སྦྲེལ་མ་ལག་གི་སྒུལ་ཤུགས། འཁོར་སྐྱོད་ཚོང་གཉེར་གྱི་ཀྲུང་གོ་དང་ཐའེ་ཝན་སོགས་ཀྱིས་མཁོ་འདོན་བྱས་པའི་ལག་རྩལ་བྱ་ཐབས་སྤྱད། སྤྱོད་མཁན་གྱི་གདམ་ག་དང་། བཞུར་ཚད། སྒྲིབ་ཡོལ། ཚོང་ཟོག་མར་ཕབ་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཚོང་རྟགས་གྲགས་ཅན་གཉེར་སྐྱོང་བྱེད་མཁན་གྱི་འཛད་སྤྱོད་དོ་སྣང་དང་། བཞུར་ཚད། ཉོ་འཚོང་གོ་སྐབས་བཅས་ཉུང་དུ་བཏང་། ཚོང་རྟགས་གྲགས་ཅན་གྱི་གཉེར་སྐྱོང་མཁན་གྱི་ཕྱིར་འཚོང་ཐབས་ལམ་ཚོད་འཛིན་བྱས་ཏེ། ཚོང་རྟགས་གྲགས་ཅན་གྱི་གཉེར་སྐྱོང་མཁན་དང་གཉེར་སྐྱོང་མཁན་གཞན་དག་གིས་ཁྲིམས་མཐུན་གྱིས་འདོན་སྤྲོད་བྱས་པའི་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་བཀག་འགོག་དང་གཏོར་བརླག་བཏང་ཞིང་། རང་མོས་དང་། འདྲ་མཉམ། དྲང་སྙོམས། ཡིད་རྟོན་བཅས་ཀྱི་རྩ་དོན་དང་འགལ་བས། འདྲ་མཉམ་གྱི་འགྲན་རྩོད་ཚོང་རའི་སྒྲིག་ལམ་དཀྲུགས་ཤིང་།《ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བཅུ་གཉིས་པའི་གཏན་འབེབས་དང་འགལ་བ་རེད།