མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་སྐབས་34པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་08ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་34པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ལ་གློག་འཕྲིན་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་མཉམ་འབྲེལ་རང་འབད་དང་འཕེལ་རྒྱས་ཡར་ཐོན་གྱི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་རྒྱུའི་སྨོན་འདུན་ཞུས་པ་རེད།
   ཞི་ཅིན་ཕིང་གིས་2020ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་ལོ་ཞིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་ཕན་ཚུན་རྒྱབ་སྐྱོར་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་བདེ་བླག་ངང་འཚོགས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། ཕྱོགས་གཉིས་པོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་མཉམ་དུ་སྲུང་སྐྱོང་བྱས་ནས་འཛམ་གླིང་ཡོངས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བའི་ཆུ་ཚད་མཐོ་པོ་མངོན་པར་བྱས་ཡོད།
    འདི་ལོ་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཚོགས་འདུ་སེ་ནེ་ཀལ་དུ་འཚོག་རྩིས་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གྲུབ་པ་དང་། རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ། གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་འབད་བརྩོན་ལྷོད་མེད་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"