འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་7ཉིན།

༄༅།།“ང་ལ་མཚོ་སྔོན་དུ་ལུག་གཅིག་ཡོད”

—— མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ ཀྱིས་རིག་ལྡན་དབུལ་སྒྲོལ་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་07ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཅང་དང་ཀྲའོ་ཡུས་ཧོས།
   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དར་རྒྱས་བཤས་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ལོ་57ལ་སླེབས་པའི་མཱ་ཧྲེང་ཧའེ་ཡིས་གད་མོ་འཚེར་འཚེར་ངང“རང་གི་ཁྱིམ་དུ་གསོ་ཚགས་བྱས་པའི་ལུག་དང་ཕྱི་ནས་ཉོས་པའི་ལུག་བསྡོམས་ཚེ་ལོ་གཅིག་ལ་ལུག་3000ལྷག་ཙམ་ཚོང་ཐུབ་ཀྱི་འདུག ‘ང་ལ་མཚོ་སྔོན་དུ་ལུག་གཅིག་ཡོད’ཅེས་པའི་རྣམ་གྲངས་དངོས་སུ་ལག་བསྟར་བྱས་རྗེས་ལུག་གཅིག་ལ་སྒོར་བརྒྱ་ལྷག་ཙམ་རག་གི་འདུག ལུག་3000ལྷག་ཙམ་ལ་སྒོར་ཁྲི་སུམ་ཅུ་བཞི་བཅུ་ཙམ་རག་གི་ཡོད་པས་ང་ཡང་དེར་ཞུགས་འདོད་ཡོད”ཅེས་བཤད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་ལྷོ་ཀྲོའུ་ཡི་སྐྱེ་ཁམས་ཞིང་འབྲོག་ལས་འཛུགས་སྐྱོང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཏེ་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་མོད། འོན་ཀྱང་ཡུན་རིང་སྤྱད་པའི“དུད་ཚང་གཙོ་བོར་བྱེད་པའི”གསོ་ཚགས་བྱེད་ཐབས་ཀྱིས་སྤུས་ཚད་འགན་ལེན་ཐུབ་རུང་། གྲངས་ཚད་འགན་ལེན་མི་ཐུབ་པ་དང་། ཐོན་ལས་འཁོར་སྦྲེལ་སྣ་རྐྱང་ཡིན་སྟབས་ས་གནས་དེའི་ཞིང་འབྲོག་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་ཚོད་འཛིན་བཟོས་ཡོད།
   མཚོ་སྔོན་གྱི་ལུག་གི་ཚོང་ལམ་རྒྱ་ཆེར་བཏང་སྟེ་གསོ་ཚགས་དུད་ཚང་ལ་འབབ་འཕར་གཏོད་ཆེད། 2020ལོའི་ཟླ་4པར་ཅང་སུའུ་ཡི་སྐྲུན་རོགས་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཆེན་གཉིས་ཀྱི་གཞོན་ནུ་ལས་གྲུབ་པའི་ལས་གཏོད་དཔུང་ཁག་གིས“ང་ལ་མཚོ་སྔོན་དུ་ལུག་གཅིག་ཡོད”ཅེས་པའི་རྣམ་གྲངས་དུས་ཐོག་ཏུ་བཏོད་ཡོད།
   “དྲ་སྦྲེལ་སྤྲིན་ཚོམ་ལུག་གསོ”ནི་རྣམ་གྲངས་དེའི་ལྟེ་བའི་བསམ་ཕྱོགས་ཡིན་ཞིང་། མཚོ་ལྷོ་ཀྲོའུ་ཡི་གནད་སྨིན་དབུལ་སྐྱོར་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་གི་འགན་འཁུར་བ་དབྱང་ཐེན་མིང་གིས་རང་ངོས་ཞིབ་སྤེལ་བྱས་པའི་བྱ་རིམ་ཆུང་ངུའི་ལས་སྟེགས་དང་ཕྱི་སྒྲིག་རྣམ་པའི་ལྟ་ཞིབ་ཚད་ལེན་གྱི་སྙིང་ལྷེབ་ལ་བརྟེན་ཏེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ས་གནས་ཁག་གི་འཛད་སྤྱོད་པར་རྒྱང་རིང་ཞབས་ཞུས་ཡོད། རྣམ་གྲངས་དེས། མཚོ་སྔོན་དུ་འགྲོ་མྱོང་མེད་པའི་སྐུ་མགྲོན་ཚོར་ཡང་རང་ཉིད་ལ་དབང་བའི་ས་མཐོའི་ལུག་གཅིག་ཡོད་པ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
   དབྱང་ཐེན་མིང་གིས “འཛད་སྤྱོད་པས་འགྱུར་རྟེན་སྒོར་500སྤྲད་ཚེ་དྲ་ཐོག་ནས་ལུག་གཅིག་མངགས་ཆོག་ལ་མཚོ་ལྷོ་ཀྲོའུ་ཡི་མཉམ་ལས་ཁང་གིས་ལོ་ཕྱེད་རིང་ཚབ་གསོ་བྱེད་ཀྱི་ཡོད། ཚབ་གསོ་བྱེད་རིང་སྙིང་ལྷེབ་བརྒྱུད་ལུག་གི་འགུལ་སྐྱོད་དང་། འཚར་ལོངས། བདེ་ཐང་གི་གནས་ཚུལ་སོགས་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ། ཚབ་གསོའི་དུས་ཚད་ཐིམ་པ་དང་དུད་སྣེ་སྤྱོད་མཁན་གྱིས་གྲོས་མཐུན་གྱི་དངུལ་ལྷག་མ་རྣམས་སྤྲད་ཟིན་ཚེ། ཁོ་ཚོས་ལུག་བཤས་ཏེ་ཐུམ་སྒྲིལ་བརྒྱབ་ནས་འཛད་སྤྱོད་པའི་ཁྱིམ་དུ་ཐད་ཀར་སྐྱེལ་དུ་འཇུག་གི་ཡོད”ཅེས་ངོ་སྤྲོད་བྱས།
   དབྱང་ཐེན་མིང་གིས་གསར་འགོད་པར་རྣམ་གྲངས་དེར་བརྟེན་ཏེ“ང་ལ་མཚོ་སྔོན་དུ་ལུག་གཅིག་ཡོད”པའི་ཁྱད་ལྡན་རྒྱ་ཁོག་མུ་འབྲེལ་སྤུས་རྟགས་བཏོད་དེ་རྣམ་གྲངས་དེའི་དྲ་གཤམ་གྱི་བྲིན་ཚོང་ཐབས་ལམ་གལ་ཆེན་གྱི་གྲས་སུ་གྱུར་པར་བྱས་ཡོད། ཚོང་ཁང་ནས་ཐད་ཀར་ཉོས་ཚེ་མཚོ་སྔོན་གྱི་ལུག་ཤའི་བྲོ་བ་ལྟ་རྒྱུ་ཡོད་ཅེས་བཤད།
   དབྱང་ཐེན་མིང་གིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་རྣམ་གྲངས་དེའི་གཙོ་གནད་ཡིན་ཞིང་། “ཕུགས་ཕན་དང་བརྟན་ལྷིང་གི་དབུལ་སྐྱོར་ལམ་སྲོལ་ནི་ཁྲོམ་རའི་རིན་ཐང་དངོས་དང་རང་བརྟེན་ནུས་པ་ལྡན་པའི་རྨང་གཞིའི་ཐོག་བསྐྲུན་ཏེ་ངལ་རྩོལ་ཡོང་འབབ་མང་དུ་གཏོང་བ་དང་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་ནི་ང་ཚོའི་དབུལ་སྐྱོར་བསམ་ཕྱོགས་ཀྱི་ཁ་ཕྱོགས་གཙོ་བོ་གཉིས་རེད”ཅེས་ངོ་སྤྲོད་བྱས།