འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་4ཉིན།

༄༅།།ལི་ཁེ་ཆང་གིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་དཔྱིད་གསར་དུས་ཆེན་གྱི་
བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་04ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ལུགས་རྙིང་ལོ་ཐོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་ཀྱི་ཟླ་2ཚེས་2ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོ་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
   ལི་ཁེ་ཆང་གིས་དང་ཐོག་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་གྲོགས་པོ་ཚང་མར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཁོང་གིས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་མང་པོ་ཀྲུང་གོར་ལས་ཀ་བྱེད་པར་ཡོང་ནས་ཀྲུང་གོ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་བར་ཀྲུང་གོ་མི་དམངས་ཀྱིས་བཀའ་དྲིན་སྙིང་བཅངས་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཚོ་ཀྲུང་གོའི་སྲིད་གཞུང་གི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་འདོན་པར་གདན་དྲངས་པ་དེས་ཚན་རིག་དང་མཐུན་པའི་དམངས་གཙོའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་དུས་བབ་ཆེ་མོར་དེ་བས་ལེགས་པའི་སྒོ་ནས་བསྟུན་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།
   ཨ་རི་དང་། དབྱི་ཐ་ལི། སིང་ཀ་ཕོར། ནེ་པ་ལ། དབྱིན་ཇི། ཧྥ་རན་སེ་བཅས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དཔལ་འབྱོར་དང་། དངུལ་རྩ། རྨང་གཞིའི་ཚན་རིག་ཞིབ་འཇུག ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན། སློབ་གསོ། ཚན་རྩལ་གསར་གཏོད། ཁོར་ཡུག་སྲུང་སྐྱོང་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
   རིགས་གཅིག་མཁས་ཅན་གྱི་གཏམ་བཤད་གསན་རྗེས། ལི་ཁེ་ཆང་གིས་འདས་མ་ཐག་པའི་ལོ་གཅིག་ནང་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཀྲུང་གོ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད།
   བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་ལ་ལས་སླ་པོ་མིན་པའི་གྲུབ་འབྲས་ཐོབ་པ་དང་ལོ་ཧྲིལ་པོར་དཔལ་འབྱོར་འཕེལ་རྒྱས་བྱུང་བར་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཀྱང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ང་ཚོས་རིམས་ནད་ཀྱི་རྡབ་རྡེག་གི་ཁྱད་ཆོས་གཞིར་བཟུང་། གཙོ་བོ་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་དང་གཞི་རྩའི་དམངས་འཚོའི་དགོས་མཁོར་དམིགས་ཏེ་སྤྱི་ཁོག་སྲིད་ཇུས་གནད་སྨིན་ནུས་ལྡན་བཟོས་ནས་ལག་བསྟར་བྱས་པ་དང་། དུས་ཐོག་དང་འཕྲལ་ཐག་ཆོད་པོ་བྱུང་བ་དང“ཞིང་ཆུ་ལེབ་གཏོང”བྱས་མེད་པས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་འཕེལ་རྒྱས་བྱུང་ཡོད། དེ་དག་བྱུང་བར་གཙོ་བོ་ཁྲོམ་རའི་སྟོབས་ཤུགས་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ལ་བརྟེན་པ་དང་ཀྲུང་གོའི་ལུགས་མཐུན་གྱི་སྲིད་ཇུས་རིན་དོད་དུ་བྱས་ནས་ཅུང་ལེགས་པའི་ཕན་འབྲས་དངོས་ཐོན་ཡོད་ཅེས་གསུངས་པ་རེད།
   ལི་ཁེ་ཆང་གིས་སྔར་བཞིན་རྙོག་འཛིང་དང་ཛ་དྲག་པའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་སྤྱི་འདོམས་བྱས་ནས་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་དཔལ་འབྱོར་གྱི་གཞི་གདན་དེ་བས་བརྟན་པོ་ཡོང་བར་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པོ་ཡོང་བའི་རྣམ་པ་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
   ལི་ཁེ་ཆང་གིས་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་དུས་ཡུན་རིང་པོ་སྐྱོད་དགོས་ཀྱི་ཡོད། ང་ཚོས་སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱས་ནས་ཁྲོམ་ར་དང་སྲིད་གཞུང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་ཐུབ་པ་བྱེད་ཀྱི་ཡིན། ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་དེ་བས་ཆེ་རུ་གཏོང་བ་དང་སློབ་སྦྱོང་བྱེད་རིན་ཡོད་པའི་སྔོན་ཐོན་གྱི་ཚན་རིག་འདུ་ཤེས་དང་ཞིབ་འཇུག་བྱ་ཐབས་ཚང་མ་སློབ་སྦྱོང་བྱེད་ཀྱི་ཡིན། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་ལས་ཀ་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཤེས་ལྡན་པའི་ཡིད་དབང་བཀུག་པའི་ལམ་ལུགས་དང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཀྲུང་གོར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བའི་ཐད་དེ་བས་སྟབས་བདེ་སྐྲུན་གྱི་ཡིན་ཞེས་ནན་བཤད་གནང་བ་རེད།