འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་2ཉིན།

༄༅།།སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོས་རྩ་དོན་ཐོག་མི་སྒེར་གྱི་ལག་འཁྱེར་ཁ་པར་སློབ་གྲྭར་འཁྱེར་མི་ཆོག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་02ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན། ཀྲུང་གོ་གསར་འགྱུར་དྲ་བར་གློག་འཕྲིན་འབྱོར་གསལ། སློབ་གསོ་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། སློབ་མའི་མིག་ཤེད་ལ་སྲུང་སྐྱོང་བྱས་ནས་སློབ་མ་ཚོས་སློབ་གྲྭ་རུ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་ཐུབ་པ་དང་། དྲ་རྒྱ་དང་རོལ་རྩེད་ལ་མགོ་མི་འཁོར་བ། སློབ་མ་ཚོའི་ལུས་སེམས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སློབ་གསོ་པུའུ་གཞུང་དོན་ཐིང་གིས《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལག་འཁྱེར་ཁ་པར་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པར་འགྲེམས་བྱས་པ་རེད།
   《བརྡ་ཐོའི》ནང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོས་རྩ་དོན་ཐོག་མི་སྒེར་གྱི་ལག་འཁྱེར་ཁ་པར་སློབ་གྲྭར་འཁྱེར་མི་ཆོག་དངོས་གནས་དགོས་མཁོ་ཡོད་ཚེ་ངེས་པར་དུ་ཁྱིམ་བདག་གི་མོས་མཐུན་ཐོབ་དགོས་པ་དང་ཡིག་ཐོག་ནས་རེ་ཞུ་བྱ་དགོས་པ། སློབ་གྲྭར་སླེབས་རྗེས་ལག་འཁྱེར་ཁ་པར་དེ་སློབ་གྲྭས་གཅིག་གྱུར་གྱིས་ཉར་ཚགས་བྱ་དགོས་པ་ལས་སློབ་ཁང་དུ་འཁྱེར་མི་ཆོག་ཅེས་བླང་བྱ་བཏོན་ཡོད། 
   《བརྡ་ཐོའི》ནང་སློབ་གྲྭས་ལག་འཁྱེར་ཁ་པར་དོ་དམ་བྱ་རྒྱུ་དེ་སློབ་གྲྭའི་རྒྱུན་གཏན་དོ་དམ་ལས་ཀའི་ནང་བཅུག་ནས་ཞིབ་ཕྲའི་བྱེད་ཐབས་བཟོ་བ་དང་། གཅིག་གྱུར་ཐོག་ཉར་ཚགས་བྱ་ཡུལ་དང་།བྱ་ཐབས།འགན་འཁུར་བ་བཅས་ཁ་གསལ་བཟོ་བ། དགོས་ངེས་ཀྱི་ཉར་ཚགས་སྒྲིག་ཆས་མཁོ་འདོན་བཅས་བྱེད་དགོས། སློབ་གྲྭའི་ནང་གི་སྤྱི་པའི་ཁ་པར་དང་འཛིན་གྲྭའི་ཀྲུའུ་རེན་བར་འབྲེལ་གཏུག་ཁ་པར་འཛུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་སློབ་མ་དང་ཁྱིམ་བདག་བར་གྱི་ཁ་པར་རྒྱག་རྒྱུའི་དགོས་མཁོ་ཐག་གཅོད་བྱེད་དགོས། ལག་འཁྱེར་ཁ་པར་ཐོག་ནས་སྦྱོང་ཚན་བཀོད་སྒྲིག་བྱེད་པའམ་ཡང་ན་སློབ་མས་ལག་འཁྱེར་ཁ་པར་ཐོག་ནས་སྦྱོང་ཚན་འབྲི་དགོས་པའི་བླང་བྱ་འདོན་མི་ཆོག་ཅེས་ནན་བཤད་བྱས་ཡོད། 
   《བརྡ་ཐོའི》ནང་སློབ་གྲྭས་རྣམ་པ་སྣ་ཚོགས་བརྒྱུད་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སློབ་མར་ཚན་རིག་དང་མཐུན་ལ་ཚུལ་མཐུན་གྱི་སྒོ་ནས་ལག་འཁྱེར་ཁ་པར་སྤྱོད་དུ་འཇུག་པ་དང་། སྟབས་བདེ་རྩུབ་སྤྱོད་ཀྱི་དོ་དམ་བྱ་སྤྱོད་མི་ཐོན་པ་བྱེད་དགོས་པ། སློབ་གྲྭ་ཁག་གིས་ཁྱིམ་ཚང་དང་སློབ་གྲྭའི་བར་གྱི་འབྲེལ་གཏུག་བྱ་བ་ཡག་པོ་སྒྲུབ་པ་དང་། ཁྱིམ་བདག་གིས་སློབ་གསོའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་ཁྱིམ་ཚང་དང་སློབ་གྲྭས་ཐུན་མོང་ཐོག་མི་སྣ་གསོ་སྐྱོང་གི་སྡོམ་ཤུགས་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད།  
   《བརྡ་ཐོའི》ནང་རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭས་ལག་འཁྱེར་ཁ་པར་དོ་དམ་བྱེད་ཁྲོད་ཐོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་། སློབ་གསོ་ལྟ་སྐུལ་སློབ་སྟོན་སྡེ་ཁག་གིས་རྒྱུན་ལྡན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་བླང་བྱ་དག་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་པ་དང་། སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་བྱ་དགོས་ཞེས་བླང་བྱ་བཏོན་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15836770.html)