འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་28ཉིན།

༄༅།།ཡུན་ནན་བདེ་ཆེན་གྱི་མཛེས་ལྗོངས་ཁུལ་གྱིས། སྡེ་ཁུལ་ལ་དྲིན་ལན་འཇལ་བ་དང་ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་
སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་28ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་1ཚེས་24ཉིན་གསར་འགོད་པས་ཡུན་ནན་ཡུལ་སྐོར་གྱི་གསར་བརྗེའི“རོལ་དབྱངས་གསུམ”ཞེས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་འཕྲིན་སྤེལ་ཚོགས་ཆུང་དང་མཉམ་དུ་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་སྤྱི་གླིང་དུ་བསྐྱོད་དེ། རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་ཡོད་པའི་གདོད་མའི་སྐྱེ་ཁམས་བོད་རིགས་གྲོང་ཚོ་སྟེ། ལམ་བཟང་གྲོང་ཚོར་བཅར་འདྲི་བྱས་པ་ཡིན། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྗེས་ལམ་བཟང་གྲོང་ཚོས་ཚབ་མཚོན་དུ་བྱས་པའི་སྡེ་ཁུལ་དང་མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་འཆར་འགོད་གཉིས་འབྲེལ་བ་དམ་ཟབ་བྱས་ནས། ཡུལ་སྐོར་དབུལ་སྐྱོར་གྱི་ལམ་དུ་བསྐྱོད་པ་ཤེས་རྟོགས་བྱུང་།
   2008ལོར་བདེ་ཆེན་ཀྲོའུ་མི་དམངས་སྲིད་གཞུང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྡེ་ཁུལ་ལ་དྲིན་ལན་འཇལ་བའི་འགོ་ཁྲིད་ཚོགས་ཆུང་གིས་སྡེ་ཁུལ་དང《པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་སྐོར་གྱིས་སྡེ་ཁུལ་ལ་དྲིན་ལན་འཇལ་བའི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ལག་བསྟར་ཇུས་གཞིར》མིང་རྟགས་བཀོད་ནས་མཛེས་ལྗོངས་ཁུལ་དང་ཐག་ཉེ་རིང་གཞིར་བཟུང་སྡེ་ཁུལ་རིགས་གསུམ་དུ་ཕྱེ་བའི་ནང་། སྤྱི་གླིང་ནང་ཁུལ་གྱི་དཔལ་འབྱོར་བྱེད་སྒོའི་ཁ་གསབ་ནས་ཕྱིར་འཐེན་བྱེད་པ་དང་། མ་དངུལ་བཏང་ནས་དྲིན་ལན་འཇལ་བ། ལས་ཞུགས་གོ་སྐབས་མཁོ་འདོན་བྱེད་པ། སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་སོགས་ཚུད་པའི་རྣམ་གྲངས་གྲུབ་ཡོད།    པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་གཙང་སྦྲའི་དོ་དམ་པ་ཞིག་ཀྱང་ཡིན་པའི་ལམ་བཟང་གྲོང་ཚོའི་གྲོང་མི་ཡེ་ཤེས་ཀྱིས་རང་ཉིད་ཀྱིས་བརྒྱབ་པའི་ཁང་པ་གསར་པའི་ནང་གསར་འགོད་པར་ལམ་བཟང་གྲོང་ཚོར་ཉེ་བའི་ལོ་ཤས་རིང་འགྱུར་ལྡོག་ཆེན་པོ་བྱུང་བ་ངོ་སྤྲོད་བྱས་པ་སྟེ། “ང་སློབ་གྲྭ་ཐོན་པའི་ལོ་དེར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ལས་མི་བསྡུ་བ་དང་སྐབས་འཁེལ་བྱུང་། ངའང་མཛེས་ལྗོངས་ཁུལ་གྱི་ལས་མི་ཞིག་ལ་གྱུར་བྱུང་། ད་ཆ་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་མཁན་གྲོང་མི་ཇེ་མང་དུ་འགྲོ་ཞིང་། ཁོང་ཚོའི་ཁྲོད་དུ་ཡུལ་སྐོར་རླངས་འཁོར་གྱི་ཁ་ལོ་བ་དང་། འགྲེལ་བཤད་བ། ཁོར་ཡུག་གཙང་སྦྲ་བ་སོགས་ཡོད། དེ་སྔོན་ཕྱུགས་རིགས་གསོ་སྤེལ་དང་བེ་ཤ་འཐུ་བསྡུ་བྱེད་པ་དེ་ངའི་ཁྱིམ་གྱི་འབབ་ཁུངས་གཙོ་བོ་ཡིན། ད་ཆ་ཕྱུགས་རིགས་གསོ་ཚགས་བྱེད་པ་ཕུད། ང་ཚོར་ད་དུང་གཏན་འཇགས་ཀྱི་གླ་ཕོགས་དང་སྡེ་ཁུལ་གྱི་དྲིན་ལན་ཁ་གསབ་ཀྱང་ལེན་རྒྱུ་ཡོད་པས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་ཡེ་ཤེས་ཀྱིས་བཤད།