འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་27ཉིན།

༄༅།།ཁྲུང་ཁྲུང་སྐེ་ནག་གི་གནས་སྤོ་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་27ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲུང་ཁྲུང་སྐེ་ནག་གི་གནས་སྤོ་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།
    མི་དམངས་དྲ་བའི་འཕྲིན། ཚེས་25ཉིན། གསར་འགོད་པས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། རྟོག་ཞིབ་གསར་ཤོས་ལས་མངོན་གསལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དང་ཉེ་འགྲམ་ས་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་80(དེའི་ཁྲོད་དུ་བྱིའུ་27ཡོད) ཡོད་པ་དེས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ནི་ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱེད་ས་གཙོ་བོ་ཞིག་ཡིན་པ་མཚོན་ཞིང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཁྲུང་ཁྲུང་སྐེ་ནག་གནས་སྤོ་ཞིབ་འཇུག་ཐད་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད།
   ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་དམར་པོའི་མིང་ཐོ(IUCN)ཉེན་སླའི་སྐྱེ་དངོས(VU)དང་། འཛམ་གླིང་ཐོག་མཐོ་སྒང་དུ་འཚོ་བའི་ལོ་རྒྱུས་མཇུག་རྫོགས་པའི་གཟུགས་གཞི་ཆེ་བའི་ཆུ་བྱ་རིགས་ཁོ་ན་དེ་ཡིན་ཞིང་། མཐོ་སྒང་འདམ་རའི་སྣོད་བཅུད་མ་ལག་ཁྲོད་འབུར་དུ་ཐོན་པའི་སྲོག་ཆགས་རིགས་ཤིག་དང་། སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་གསལ་བོར་སྟོན་ཐུབ་པའི་སྲོག་ཆགས་རིགས་ཤིག་རེད། 
   ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔོན་གྱི་རྟོག་ཞིབ་ཞིབ་འཇུག་གི་རྨང་གཞིའི་ཐོག  2020ལོ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་པེ་ཅིང་ནགས་ལས་སློབ་ཆེན་གྱི་ཀའོ་ཡུའུ་མིང་ཞིབ་འཇུག་ཚོགས་པ་དང་མཉམ་འབྲེལ་བྱས་ནས། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྐམ་སའི་རི་སྐྱེས་སྲོག་ཆགས་ཏེ་ཁྲུང་ཁྲུང་སྐེ་ནག་15བཟུང་ཆོག་པའི་སྲིད་འཛིན་གྱི་ཆོག་འཐུས་མཆན་སྤྲད་རྗེས། ཁྲུང་ཁྲུང་སྐེ་ནག་15ལ་GPSརྗེས་སྙེག་སྒྲིག་ཆས་བཏགས་ནས། བྱེའུ་ལ་ཕན་ནུས་ལྡན་པའི་རྗེས་སྙེག་བྱེད་པ་དང་། ཟླ་5ལྷག་ལ་འགུལ་རྣམ་ལྟ་ཞིབ་བྱས་པར་བརྒྱུད། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཁྲུང་ཁྲུང་སྐེ་ནག་གནས་སྤོ་ཞིབ་འཇུག་ལ་ཕུན་སུམ་ཚོགས་པའི་ཞིབ་འཇུག་འབྲས་བུ་ཐོབ་ཡོད། 
   ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་(མཚོ་སྔོན)གི་ཁྲུང་ཁྲུང་སྐེ་ནག་རིགས་དང་རང་རྒྱལ་ས་ཆ་གཞན་པའི་ཁྲུང་ཁྲུང་སྐེ་ནག་རིགས་བར་གནས་སྤོ་འཆར་འགོད་ལ་ཁྱད་པར་ལྡན་ཡོད། དེ་ནི་གཙོ་བོ་གནས་སྤོ་ཡུན་རིང་བ་དང་གནས་སྤོ་ལམ་བུ་ནི་“ཇེམ་ཙེ”ཡི་རྣམ་པ་མངོན། དུས་མཚུངས་སུ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་(མཚོ་སྔོན)ཁྲུང་ཁྲུང་སྐེ་ནག་གི་གནས་སྤོ་ལམ་བུ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་ལམ་བུ་ཁྲོད་ཆེས་རིང་བ་དེ་ཡིན་ཞིང་སྤྱི་ལེ་1500ཡན(མདོ་ལ་རྫོང་འབྲོང་ལུང་ནས་གཞིས་རྩེ་ཉ་མོ་ཤང་བར། དྲང་ཐིག་བར་ཐག་ཀྱང་སྤྱི་ལེ་1470ཡོད)ཟིན། 
    མིག་སྔའི་རྗེས་སྙེག་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ལས། ཉིང་ཁྲི་ཡར་ཀླུང་གཙང་པོ་དང་ཉང་ཆུའི་རྒྱུད། བྲག་གསུམ་མཚོ་དང་ཡིད་འོང་མཚོ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་(མཚོ་སྔོན)ཁྲུང་ཁྲུང་སྐེ་ནག་གི་དགུན་སྐྱེལ་ས་གཙོ་བོ་རེད། གཞིས་རྩེ་ཡར་ཀླུང་གཙང་པོའི་གྲོང་རོང་ནི་སྐྱེ་འཕེལ་བྱེད་རྒྱུ་ཡོད་པའི་ཁྱིམ་ཚང་ཁག་ཅིག་གི་དགུན་སྐྱེལ་གནས་ཡིན། འདིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་(མཚོ་སྔོན)ཁྲུང་ཁྲུང་སྐེ་ནག་དགུན་སྐྱེལ་སའི་གནས་སྣ་མང་ཅན་གྱི་གདམ་གསེས་ཐབས་ལམ་མངོན་ཡོད། 
   2021ལོར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་རྣམ་གྲངས་ལ་བརྟེན་ཞིང་། མཉམ་ལས་ལམ་སྲོལ་གཏིང་ཟབ་དུ་བཏང་ནས་བསྟུད་མར་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་སྐྱེ་ཁམས་རིག་པ་ལྟ་ཞིབ་ཞིབ་འཇུག་སྤེལ་བ་དང་། དུས་མཚུངས་སུ་རྒྱུད་འཛིན་ཐད་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་ཡིན་པས། ཁྲུང་ཁྲུང་སྐེ་ནག་སྲོག་ཆགས་རིགས་འདི་ལ་དམིགས་ནས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པ་དང་། དངོས་ཡོད་ལག་བསྟར་ཐུབ་པའི་སྲུང་སྐྱོང་ཇུས་འགོད་བྱ་རྒྱུ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15836168.html)
༄༅།།ཁྲུང་ཁྲུང་སྐེ་ནག་གི་གནས་སྤོ་ཞིབ་འཇུག་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།