འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་26ཉིན།

༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་ལ་གནམ་གཤིས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཐོབ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་26ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་ལ་གནམ་གཤིས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཐོབ།
   མི་དམངས་དྲ་བའི་འཕྲིན། ཟླ་1པོའི་ཚེས་22ཉིན་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་དང་བོད་རང་སྐྱོང་ལྗོངས་གནམ་གཤིས་གནོད་འཚེ་འགོག་སྲུང་ལག་རྩལ་ལྟེ་གནས་ཀྱིས་ལྷ་སར་《ཕོ་བྲང་པོ་ཏ་ལའི་ཉར་ཚགས་རིག་དངོས་ཀྱི་རང་བྱུང་གནོད་འཚེ་འགོག་སྲུང་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན་》བཞག་པ་རེད།
    གྲོས་མཐུན་ནང་བཏོན་དོན། ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་གནའ་བོའི་བཟོ་བཀོད་ཁག་གི་གློག་འཁྱུག་ཐོག་རྒྱག་ལ་ལྟ་ཞིབ་ཚད་ལེན་དང་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེའི་བརྟག་དཔྱད་དང་། ཚོད་དཔག ཉེན་ཟོན་ཉེན་བརྡ། འགོག་སྲུང་མཉམ་ལས་ཞིབ་འཇུག་བཅས་བྱ་རྒྱུ་དང་། དེ་བཞིན་དུ་གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་འགོག་ཟོན་དང་ཉུང་གཏོང་གི་འཚོལ་ཞིབ་རང་བཞིན་གྱི་ལག་ལེན་ལས་དོན་སྤེལ་རྒྱུ། ད་དུང་ཕོ་བྲང་པོ་ཏ་ལའི་གནའ་བོའི་བཟོ་བཀོད་ཁག་དང་ཕོ་བྲང་པོ་ཏ་ལའི་ཉར་ཚགས་རིག་དངོས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཁོར་ཡུག་ཤུགས་རྐྱེན་གྱི་རྒྱུ་རྐྱེན། དམིགས་ཚད་མ་ལག ཉེན་ཟོན་ཉེན་བརྡའི་མཚམས་ཐང་། ཉར་ཚགས་ཁོར་ཡུག་ལེགས་གཏོང་གི་མཉམ་ལས་ཞིབ་འཇུག་བཅས་སྤེལ་རྒྱུ་དང་དེ་བཞིན་ཕོ་བྲང་པོ་ཏ་ལའི་ཉར་ཚགས་རིག་དངོས་ཀྱི་སྔོན་འགོག་རང་བཞིན་དང་སྲུང་སྐྱོང་དང་འཚོལ་ཞིབ་རང་བཞིན་གྱི་ལག་ལེན་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
   གྲོས་མཐུན་ནང་དུ་ད་དུང་ཕོ་བྲང་པོ་ཏ་ལའི་གནའ་བོའི་བཟོ་བཀོད་ཁག་དང་དེ་བཞིན་ཕོ་བྲང་པོ་ཏ་ལའི་ཉར་ཚགས་རིག་དངོས་ཀྱི་གནམ་གཤིས་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་ལ་ལྟ་ཞིབ་ཚད་ལེན་དང་། གནམ་གཤིས་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་ལ་བརྟག་དཔྱད། ཚོདདཔག ཉེན་ཟོན་སྔོན་བརྡ། འགོག་སྲུང་མཉམ་ལས་ཞིབ་འཇུག་བཅས་བྱ་རྒྱུ་དང་དེ་བཞིན་དུ་གནམ་གཤིས་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཐད་ཀྱི་འཚོལ་ཞིབ་རང་བཞིན་གྱི་ལག་ལེན་ལས་དོན་སྤེལ་རྒྱུ་ཚུད་ཡོད་པ་རེད།
     ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཏང་ཨུད་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་ཀྱིས། ཕོ་བྲང་པོ་ཏ་ལའི་བཟོ་བཀོད་གཙོ་བོ་དག་ནི་ཤིང་དང་རྡོ་ལས་གྲུབ་པ་ཡིན་ཞིང་། ཤིང་ཆར་བཞའ་བརླན་དང་། ཆུ་སིམ། རུལ་འགྱུར། གྲུབ་ཆ་བསྒྱུར་བ་སོགས་ཀྱི་གནོད་འཚེ་ཕོག་སླ་བ་མ་ཟད། ད་དུང་གངས་དང་། ས་ཡོམ། ཆར་རླུང་། གློག་འཁྱུག་ཐོག་རྒྱག་སོགས་རང་བྱུང་རྒྱུ་རྐྱེན་དེ་དག་ཀྱང་ཕོ་བྲང་པོ་ཏ་ལའི་བཟོ་བཀོད་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞེས་བསྟན་པ་རེད།     ཕོ་བྲང་པོ་ཏ་ལའི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་སྲུང་སྐྱོང་དང་དོ་དམ་བྱེད་ནུས་ཆེ་རུ་གཏོང་ཆེད་ཕྱོགས་གཉིས་པོའི་དབར་མཉམ་ལས་བྱ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་བསྟན།
   བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྤེན་པ་ཚེ་རིང་གིས།ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་དབར་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་ནས་གནའ་བོའི་བཟོ་བཀོད་ཀྱི་ཐོག་འགོག་ལག་རྩལ་ཞིབ་འཇུག་དང་། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་བསྒྲགས་སྔོན་བརྡ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་སྤེལ་ཡོད། ད་ཐེངས་གྲོས་མཐུན་བཞག་པ་དེས་ཁྱོན་ཡོངས་ནས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕོ་བྲང་པོ་ཏ་ལ་སྲུང་སྐྱོབ་བྱ་རྒྱུར་དམིགས་ས་སྔར་བས་ཆེ་བ་དང་ཕན་འབྲས་སྔར་བས་ཆེ་བའི་ཞབས་ཞུའི་ཐོན་རྫས་མཁོ་འདོན་བྱས་ནས། བོད་ཀྱི་རིག་དངོས་སྲུང་སྐྱོབ་བྱ་ཆེད“གནམ་གཤིས་ཀྱི་སྟོབས་ཤུགས”ལེགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་བཤད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15836168.html)
༄༅།།ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་ལ་གནམ་གཤིས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཐོབ།