འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་25ཉིན།

༄༅།།ལི་ཐང་གི་རྟེན་རྫས་བཤམས་མཛོད་ཁང་ཆུང་ཁག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་25ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལི་ཐང་གི་རྟེན་རྫས་བཤམས་མཛོད་ཁང་ཆུང་ཁག
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། ང་རང་ཁྲེན་ཏུའུ་བརྙན་འཕྲིན་ལས་ཁུངས་ཀྱི་ལོ་གསར་དགོང་ཚོགས་ལ་ཞུགས་ནས་ལི་ཐང་རྟེན་རྫས་བཤམས་མཛོད་ཁང་ཆུང་དུ་སོང་བ་ཡིན། ངས་བསྟན་འཛིན་ལ་“རིག་གནས་རྟེན་རྫས་སྐོར་གྱི་སློབ་ཚན་དང་པོ”ཁྲིད་ནས། ཁོང་ལ་རྟེན་རྫས་བཤམས་མཛོད་ཁང་གི་ཡང་སྙིང་དང་། རྟེན་རྫས་བཤམས་མཛོད་ཁང་གི་འགྲེལ་བཤད་མཁན་གྱིས་ལས་ཀ་གང་ཞིག་སྒྲུབ་ཀྱིན་པའི་སྐོར་ངོ་སྤྲོད་བྱས་ནས། ཁོང་ཉིད་ལ་མ་འོངས་པའི་འཕེལ་རྒྱས་སྐོར་ནས་རགས་ཙམ་བཤད་པ་ཡིན། 
     བསྟན་འཛིན་གྱིས་ལས་ཀ་བྱེད་སའི་རྟེན་རྫས་བཤམས་མཛོད་ཁང་ནི་ལི་ཐང་གཟིམ་ཁང་གནའ་ཁྲོམ་དུ་ཡོད་ཅིང་། འདི་ནི་ལི་ཐང་རྫོང་གིས་དབུལ་སྐྱོར་རྣམ་གྲངས་ལ་བརྟེན་ནས་བསྐྲུན་པའི་རིག་གནས་ཉམས་སུ་མྱོང་ཁུལ་ཞིག་ཡིན། འདིར་རྟེན་རྫས་བཤམས་མཛོད་ཁང་ཆུང་ཆུང་བཅུ་ལྷག་ཡོད་ཅིང་། དེ་ཚོའི་བརྗོད་གཞི་མི་གཅིག་པ་དང་། རྣམ་པའང་སོ་སོའི་ཁྱད་ཆོས་ལྡན་ལ། གཉེར་སྐྱོང་གི་རྣམ་པའང་མི་འདྲ། དེའི་ཁྲོད་དུ་ལི་ཐང་ཡུལ་སྐོར་དངུལ་འཇོག་ཀུང་སིས་མ་རྩ་བཏང་ནས་བཟོས་པའི་ཚངས་མགུར་འགྲེམས་སྟོན་ཁང་ཆུང་དང་ཁམས་པའི་རྟེན་མཛོད་ཁང་། ལི་ཐང་ལྷ་མོ་རྟེན་རྫས་བཤམས་མཛོད་ཁང་། རྒྱལ་ལམ་318 ཀྱི་ཡུལ་སྐོར་དྲན་པའི་རྟེན་རྫས་བཤམས་མཛོད་ཁང་ཆུང་། ཧི་མ་ལ་ཡའི་སྐད་སྒྲ་རྟེན་རྫས་བཤམས་མཛོད་ཁང་ཆུང་བཅས་ཡོད། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་དངོས་པོ་མང་པོ་མེད་རུང་བརྗོད་གཞི་ཁ་གསལ་བ་དང་དེང་རབས་ཁྱད་ཆོས་ཀྱིས་ཕྱུག་པ། ཇུས་འགོད་ལེགས་པོ་བཅས་ལ་བརྟེན་ནས་འགྲེམས་སྟོན་བྱས་པ་དེས་གཞན་དང་མི་འདྲ་བའི་སྣང་བ་སྟེར་འོང་།
   བསྟན་འཛིན་གྱིས་ཚངས་མགུར་འགྲེམས་སྟོན་ཁང་ཆུང་དང་ཁམས་པའི་རྟེན་མཛོད་ཁང་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། རྟེན་མཛོད་ཁང་འདི་གཉིས་ནི་ལི་ཐང་ཡུལ་སྐོར་དངུལ་འཇོག་ཀུང་སིས་ཐད་ཀར་གཉེར་སྐྱོང་བྱེད་བཞིན་ཡོད། ཉེ་ཆར་འདི་རུ་བསྟན་འཛིན་ལ་དགའ་མོས་བྱེད་མཁན་དང་སྨྱན་སྦྱོར་གྱིས་ཁེངས་ཡོད། 
    ལི་ཐང་ཡུལ་སྐོར་དངུལ་འཇོག་ཀུང་སིས་མ་རྩ་བཏང་ནས་བཟོས་པའི་རྟེན་རྫས་བཤམས་མཛོད་ཁང་གཞན་གསུམ་ནི་གཞོན་ནུ་གསུམ་གྱིས་རང་ཉིད་ཀྱིས་ཚོགས་པ་བསྒྲིགས་ཤིང་རང་གིས་མ་རྩ་བཏང་ནས་གཉེར་སྐྱོང་བྱེད་བཞིན་ཡོད། G318ཡུལ་སྐོར་དྲན་པའི་རྟེན་མཛོད་ཁང་དུ་འགྲེམས་སྟོན་བྱེད་པའི་དངོས་པོ་ནི་རླངས་འཁོར་གྱི་སྤ་སེ་དང་རི་འཛེག་ཁུག་མ། ལྷམ། ས་བཀྲ། གསོ་རླུང་དམ་བེ། ཀོ་གྲུ། འཕྲུལ་རྟ། ཤུད་པང་། ཐ་ན་ས་ཕོར་བ་གང་། གླུ་དབྱངས་བཅས་ཡོད་པ་ཚང་མས་རྒྱལ་ལམ་318ཐོག་གི་ལོ་རྒྱུས་འགྱུར་ལྡོག་དང་ཡུལ་སྐོར་བྱེད་སྐབས་འཕྲད་པའི་གནས་ཚུལ་དག་མངོན་ཡོད། 
   གཟིམ་ཁང་གནའ་ཁྲོམ་ཉེ་འགྲམ་གྱི་རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་ཁ་ཤས་ནི་ས་གནས་དེ་གའི་གྲོང་མིའི་ཁྱིམ་ལ་བརྟེན་ནས་གཉེར་གྱི་ཡོད། མ་གཞི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཆེད་ལས་ཀྱི་ཇུས་འགོད་དང་གཉེར་སྐྱོང་བྱེད་ཚད་མི་འདང་བའི་དབང་གིས་དགུན་དུས་སུ་ཁ་ཁུ་སིམ་པའི་རྣམ་པ་ཞིག་མངོན་གྱི་ཡོད། སྟབས་ལེགས་པ་ཞིག་ལ་དངོས་རྫས་འདི་དག་ནི་མ་གཞི་ནས་ཁྱིམ་རྒྱུད་ཀྱི་ཤུལ་བཞག་དངོས་རྫས་ཡིན་ཞིང་།  འགྲེམས་ཁུལ་ཡང་ཁག་གཅིག་ཉར་ཚགས་དང་འགྲེམས་སྟོན་ལ་སྤྱོད་པ་དང་། ཁག་གཅིག་ནི་རང་ཉིད་སྡོད་སར་སྤྱོད་པས་གཉེར་སྐྱོང་གི་གནོན་ཤུགས་གང་ཡང་མེད། 
   བསྟན་འཛིན་གློ་བུར་དུ་གྲགས་ནས་ལི་ཐང་གི་རིག་གནས་ཡུལ་སྐོར་གྲགས་པར་བཅུག་པ་ནི་སྟེས་དབང་ཞིག་མིན་ཞེས་བཤད་ཆོག  འདིའི་ནང་དུ་ས་གནས་རང་མིའི་བརྟན་སྲུང་དང་ཕྱི་ཡོང་མིའི་སེམས་ཤུགས་འདུས་ཡོད། རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་འདི་དག་གཏོད་པའི་ཐོག་མའི་དམིགས་ཡུལ་ནི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་ཆེད་ཡིན་མོད། འོན་ཀྱང་རིག་གནས་ཐོན་ཁུངས་ལེགས་སྒྲིག་དང་སྔོག་འདོན་ཐད་ཀྱང་དང་དོད་བྱས་ཡོད། དམག་དཔོན་ཆེན་མོ་ཧོང་ཀྲེང་ཆིན་གྱི་དངོས་མང་བཤམས་སྟོན་ཁང་དང་། བོད་སྤོས་ཁང་། བོད་ལུགས་གསོ་རིག་ཁང་སོགས་ཀྱིས་ས་གནས་དེ་གའི་ལོ་རྒྱུས་དང་རིག་གནས་སྲུང་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཚངས་མགུར་འགྲེམས་སྟོན་ཁང་ཆུང་དང་། G318ཡུལ་སྐོར་དྲན་པའི་རྟེན་རྫས་བཤམས་མཛོད་ཁང་ཆུང་། ཧི་མ་ལ་ཡའི་སྐད་སྒྲ་རྟེན་རྫས་བཤམས་མཛོད་ཁང་བཅས་ལ་IPཡི་ཤུགས་རྐྱེན་ནུས་པ་ལྡན་ཤོས་དང་། གཏམ་རྒྱུད་མང་ཤོས། ཁྱད་ཆོས་ལྡན་ཤོས་བཅས་ཀྱི་ལམ་ནས། དེང་རབས་ཀྱི་ཉམས་འགྱུར་དང་ཁྱབ་སྤེལ་བྱེད་སྟངས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་དེ་དེང་རབས་ཀྱི་སྐད་ཁོངས་ནང་མཉམ་འདྲེས་ཐུབ་པ་བྱས་ཡོད།
   རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཇུས་འགོད་སྔོན་ལ་བྱེད་པ། དེང་རབས་ཀྱི་མཚོན་ཐབས་སྤྱོད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བ་བྱེད་པ་བཅས་ཕན་ཚུན་དཔྱད་གཞིར་བཟུང་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་བསྡུས་ནས་ཐུན་མོང་ཐོག་གཏོད་པ་བཅས་ལི་ཐང་དྲ་ཐོག་ནས་གྲགས་ཆོད་པའི་སྣང་ཚུལ་འདིས་བློ་བསྐྱེད་མང་པོ་ཐོབ་མོད། འོན་ཀྱང་གནམ་གཤིས་གྲང་ཆེ་བ་དང་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་ཀྱི་ཚོད་འཛིན་ཐེབས་པའི་དབང་གིས། ཡུལ་སྐོར་དུས་ཚིགས་མིན་དུས་རྟེན་རྫས་བཤམས་མཛོད་ཁང་ཆུང་དག་གཉེར་སྐྱོང་བྱེད་རྒྱུ་དེ་ཧ་ཅང་ཁག་པོར་གྱུར་ཡོད་པ་རེད། རྒྱལ་ཡོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་5000ལྷག་ཙམ་ཁྲོད་ཀྱི་བཤམས་མཛོད་ཁང་ཆུང་མང་ཆེ་བ་དང་འདྲ་བར། ལི་ཐང་གི་རྟེན་རྫས་བཤམས་མཛོད་ཁང་ཆུང་དག་ལའང་སྤྱི་ཚོགས་ཀྱིས་དོ་ཁུར་དང་ཆེད་ལས་ཀྱི་རོགས་རམ་དེ་བས་མང་བ་བྱས་ཚེ། གཞི་ནས་རིག་གནས་ཀྱི་གསོན་ཤུགས་འདོན་སྤེལ་ཐུབ་ཅིང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15836020.html)
༄༅།།ལི་ཐང་གི་རྟེན་རྫས་བཤམས་མཛོད་ཁང་ཆུང་ཁག