འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་21ཉིན།

༄༅།།པེ་ཅིང་གི་མྱུར་སྐྱེལ་བ་ཁྲི་5ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་21ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་18ཉིན་བར་པེ་ཅིང་གི་མྱུར་སྐྱེལ་བ་50315ལ་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་པ་རེད།
   ལས་ཀའི་དམིགས་བསལ་རང་བཞིན་དབང་གིས་མྱུར་སྐྱེལ་བ་ནི་གཙོ་གནད་མི་ཚོགས་ཡིན་པའི་ངོས་ནས་སྔོན་ལ་རིམས་འགོག་སྨན་ཁབ་རྒྱག་ཡུལ་ཚོགས་སྤྱིའི་གྲས་ཤིག་ཏུ་གྱུར་ཡོད། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཉེ་ཆར་ཛ་དྲག་ཆེ་བའི་བརྡ་ཐོ་བཏང་ནས་ཁེ་ལས་ཁག་གིས་ཚན་པ་དེ་གའི་རིམས་འགོག་སྨན་ཁབ་རྒྱག་པའི་དགོས་མཁོ་མགྱོགས་མྱུར་མཐིལ་རྟོགས་བྱེད་པ་དང་རིམ་ཁག་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་གཞོགས་འདེགས་དང་སྒྲིག་འཛུགས་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། པེ་ཅིང་དུ་དུས་འགོར་མྱུར་སྐྱེལ་བ་ཁྲི་3.8ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་ཟླ་1ཚེས་17དང་18ཉིན་མྱུར་སྐྱེལ་བ་ཁྲི་1.2ཆེད་མངགས་བཀོད་སྒྲིག་བྱས་ཏེ་གཅིག་སྡུད་ཐོག་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་ཕུད་ཅང་སུའུ་དང་། ཀྲེ་ཅང་། ཧྥུའུ་ཅན། ཅང་ཤིས། ཨན་ཧུའེ། ཧུའུ་པེ། ལེའོ་ཉིང་། ཧྲན་ཤིས། ཧྲའན་ཤིས་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ས་ཁུལ་ཁ་ཤས་ཀྱི་མྱུར་སྐྱེལ་བས་ཉེ་དུས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་ཏེ་རང་ངོས་ཀྱི་ཚེ་སྲོག་བདེ་ཐང་དང་བསྐུར་སྐྱེལ་ལམ་བུ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།