འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་20ཉིན།

༄༅།།མཚོ་སྔོན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྣོད་བཅུད་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་20ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་པར་ལེན་བ་པོ་ཡུང་ཆིང་དང་། ལི་ཧྲན་ཡོན་གྱིས་པར་དུ་བླངས་པའི《འཆི་གསོན་དང་འཐབ་པ》དང་། 《ཨ་མ་ལགས་ཀྱིས་རྒྱུག་ཤར་གློད་ནས་མདུན་སྐྱོད་བྱེད་དགོས་ཞེས་གསུང་སྐབས》སོགས་ཀྱི་བརྩམ་བྱར་2019ལོ་དང་2020ལོའི་ལོ་འཁོར་གྱི་BBCདབྱིནཇིའི་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་ཀྱི་པར་ལེན་འགྲན་བསྡུར་ཆེ་མོའི་ནང་སྤྱིའི་ཨང་དང་པོ་དང་རྣམ་གྲངས་རྐྱང་པའི་ཨང་དང་པོ་སོ་སོར་ཐོབ་ནས་འཛམ་གླིང་གི་སྐྱེ་བོ་ཚང་མའི་མིག་རྐྱང་མདོ་ལ་རིང་མོར་ཕྱོགས་འགོ་ཚུགས།
    ཉེ་ཆར། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ནས་གཏམ་བཟང་ཞིག་ཁྱབ་ཡོང་བ་སྟེ། ཚོད་ལྟའི་ལག་ལེན་ལོ་གསུམ་ཙམ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྲུང་སྐྱོང་དང་བེད་སྤྱོད་གཉིས་ཀྱི་གཞི་རྩར་སྤྱི་འདོམས་བྱས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་ཚོད་ལྟའི་ལས་འགན་ཁག་33ལེགས་གྲུབ་ཡོང་བར་སྐུལ་འདེད་བརྟན་པོ་བཏང་བས། 2020ལོའི་ཟླ་དགུ་པར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་ལ་ཚོད་སྐོར་རྩིས་ལེན་དང་ས་གནས་ས་ཐོག་གི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་རེད།
    མདོ་ལ་རིང་མོ་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་བར་དུ་གནས་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་25ཡི་གྲས་ཤིག་རེད། མདོ་ལ་རིང་མོས་བྱེ་ཐང་ཆེན་པོ་བཞི་ཕྱོགས་གཅིག་ཏུ་འདུ་བར་བཀག་འགོག་གི་ནུས་པ་ཆེན་པོ་ཐོན་ནས་ལོ་བརྒྱ་ཕྲག་དུ་མའི་ནང་སྔ་བར་ཕྱི་གསུམ་དུ་བྱེ་ཐང་གི་གཡུ་གཞོང་སྣོད་བཅུད་དོ་མཉམ་ཡོང་བར་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་ཀྱི་སྣོད་བཅུད་སྲུང་སྐྱོང་བྱ་ཡུལ་ལྟེ་བའི་གྲས་སུ་གྱུར་ཡོད།
    མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5.02ཡོད་པའི་ཁྲོད། མཚོ་སྔོན་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་1.58ཡོད་པ་དེས་31.5%ཟིན་པ་དང་། ཀན་སུའུ་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་3.44ཡོད་པ་དེས་68.5%ཟིན་ཞིང་། མཚོ་སྔོན་ཁུལ་དུ་གཏེར་ལེན་ཁ་གྲོང་ཁྱེར་དང་། ཐེམ་ཆེན་རྫོང་། མདོ་ལ་རྫོང་། འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་བཅས་རྫོང་དང་གྲོང་ཁྱེར་བཞི་དང་ཤང་དང་གྲོང་རྡལ་བཅུ་གཉིས་ཀྱི་གྲོང་ཚོ(འབྲོག་པར)ཨུ་ལྷན་48ཀྱི་མི་གྲངས་ཁྲི་3.4ཡོད་པ་དང་། ད་དུང་མཚོ་སྔོན་ཁོངས་ཀྱི་མདོ་ལ་རིང་མོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། མདོ་ལ་རིང་མོའི་ཆུ་ནག་ཆུ་འགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་སོགས་ཀྱང་ཚུད་ཡོད།
    ད་བར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁོངས་སུ་ལྟ་སྲུང་ལྟེ་གནས་9དང་ལྟ་སྲུང་ས་ཚིགས་40བཙུགས་ནས་འཐབ་ས་དང་པོར་ལྟ་སྲུང་གི་འགན་འཁྲི་འཁུར་བའི་འདུ་ཤེས་མི་སེམས་སུ་ཟུག་པས། སླད་ཕྱིན་སྣོད་བཅུད་ལྟ་སྲུང་དང་། ཚན་ཞིབ་བརྟག་དཔྱད། རང་བྱུང་ཁམས་ཀྱི་སློབ་གསོ། སྡེ་ཁུལ་བྱེད་སྒོར་ཞུགས་པ་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་རྒྱུ་རེད།