འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་20ཉིན།

༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་ནས་རི་སྐྱེས་སྲོག་ཆགས་ཀྱི“མྱུར་བགྲོད་གཞུང་ལམ་”ལྟ་ཞིབ་ཟིན་ཐོ་
བཀོད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་ནས་རི་སྐྱེས་སྲོག་ཆགས་ཀྱི“མྱུར་བགྲོད་གཞུང་ལམ་”ལྟ་ཞིབ་ཟིན་ཐོ་
བཀོད་ཐུབ་པ།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ཁྲོད། སྟེང་ཆེན་རྫོང་ཁོངས་ཀྱི་འདམ་སྟོད་ཤང་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་དུ་རི་སྐྱེས་སྲོག་ཆགས་ཀྱི“མྱུར་བགྲོད་གཞུང་ལམ”ཞིག་ཡོད་པ་ཤེས་རྟོགས་བྱུང་ཞིང་། སྲོག་ཆགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་པར་མིག་ཏུ་མངོན་ཡོད་པ་རེད།  
   ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་གསལ། “མྱུར་བགྲོད་གཞུང་ལམ”དེ་ནི་སེ་རྒོད་རིགས་ཀྱི་སྡོང་ཐུང་ནགས་ཚལ་དུ་གནས་ཤིང་། སྔོ་ཁེབས་ཐར་ཐོར་ཁྲོད་ནས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་ཆགས་འདུག དམར་ཕྱིའི་པར་ཆས་མདུན་དུ་སྔོན་ལ“གངས་རིའི་རྒྱལ་པོ”གསའ་གཟིག་བརྒྱུད་པ་དང་། འདི་གར་རང་ཉིད་ཀྱི་མངའ་ཁོངས་ས་ཆར་སྐོར་ཞིབ་བྱས་ནས། ས་དོང་དེའི་ཐོག་ནས་མཚོན་རྟགས་བཀོད་པ་དང་། རང་ཉིད་ཀྱི་མངའ་ཁོངས་ས་ཆ་གསལ་བསྒྲགས་བྱེད་པ་དང་འདྲ། དུས་ཡུན་ངེས་ཅན་ཞིག་འགོར་རྗེས། གཟིག་ཁྲ་ཐིག་ཅན་གཅིག་འདིར་ཡོང་བ་དང་ཕྱོགས་བཞིར་བལྟས་ཤིང་། དམར་ཕྱིའི་པར་ཆས་ཀྱི་མདུན་དུ་ལངས་ཙམ་བྱས་རྗེས། སྲོག་ཆགས་གཞན་གྱི་རྗེས་ཤུལ་མཐོང་བ་དང་འདྲ་བར་དོགས་ཟོན་ཆེན་པོ་བྱས་པ་ཞིག་སྣང་། “མྱུར་བགྲོད་གཞུང་ལམ”འདིའི་ཐོག་འགྲོ་མཁན་གསའ་དང་གཟིག་སོགས་བྱི་ལའི་རིགས་ཆེ་གྲས་ཙམ་མ་ཡིན་པར། དེའི་རྗེས་དུས་སྐབས་ཤིག་རིང་། དྲེད་མོང་དང་དེ་བཞིན་སྤྱང་ཀིས་ཀྱང་པར་མིག་ནང་མཐོང་ཡོད། དེ་དག་ནི་གསའ་དང་གཟིག་དང་མཉམ་དུ་ས་ཁོངས་དེའི་གལ་འགངས་ཆེ་ཤོས་ཀྱི་ཤ་གཟན་སྲོག་ཆགས་ཆེ་གྲས་བཞི་ལ་གྱུར་ཡོད། ཤ་གཟན་སྲོག་ཆགས་ཕུད་རྩྭ་གཟན་སྲོག་ཆགས་ཡང“མྱུར་བགྲོད་གཞུང་ལམ”དེའི་འགྲུལ་པ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་བ་དང་ཤྭ་བ་མཆུ་དཀར་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གནའ་བ་དང་རྒྱ་སོགས་ཀྱིས་ཀྱང་དམར་ཕྱིའི་པར་ཆས་ཀྱི་པར་མིག་ནང་སོ་སོའི་གཟུགས་བརྙན་བཞག་ཡོད་པ་རེད།
   “རི་སྐྱེས་སྲོག་ཆགས་ལའང་རང་ཉིད་ཀྱི་ལམ་བུ་ཡོད་སྲིད་ཅིང་། ཕྱི་རོལ་ནས་བལྟས་ན་སྲོག་ཆགས་ཀྱི་འགྲོ་ལམ་དག་མཐོང་དཀའ་བ་ཡོད་མོད། འོན་ཀྱང་དེའི་ནང་མཐོང་རྒྱ་ཆེན་པོ་ཡོད། ཕྱོགས་གཅིག་ནས་དགྲ་ཡའི་འཇིགས་སྐུལ་ལས་གཡོལ་ཆོག་པ་དང་དུས་མཚུངས་ལྟ་ཞིབ་དང་རྔོན་པར་ཡང་སྟབས་བདེ་ཡོད་པ་རེད། དེ་ལྟ་བུའི་ས་ཆ་ནི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གིས་བེད་སྤྱོད་གཏོང་གི་ཡོད”ཅེས་བརྟག་དཔྱད་ནང་ཞུགས་མཁན་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་སྲུང་སྐྱོང་ཀྲུའུ་རེན་ཀྲའོ་ཞང་གིས་དེ་ལྟར་བཤད།
   ཤེས་རྟོགས་བྱུང་བར་གཞིགས་ན། སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་བརྟག་དཔྱད་རྣམ་གྲངས་ལ་ཀྲུང་གོའི་ལྗང་སྒྱུར་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་ཐོབ་ཡོད་ཅིང་། མཉམ་ལས་བྱས་པ་ནས་བཟུང་དམར་ཕྱིའི་པར་ཆས་ཁྲི་5ཙམ་གྱི་ལས་ཀའི་ཉིན་གྲངས་ནང་གཅན་གཟན་རིགས་21གི་གཟུགས་བརྙན་པར་དུ་ལེན་ཐུབ་པ་དང་ཉུང་མཐར་ཡང་གསའ་20དབྱེ་འབྱེད་ཐུབ་ཡོད་པ་མ་ཟད། མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གསའ་དང་གཟིག་ཁྲ་ཐིག་ཅན་ས་ཁོངས་གཅིག་ཏུ་གནས་པའི་སྣང་ཚུལ་ཐོག་མར་རྙེད་ཡོད་པས་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་དང་རྫ་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འབྱུང་རྩ་གསབ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835570.html)
【1】  【2】
༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་ནས་རི་སྐྱེས་སྲོག་ཆགས་ཀྱི“མྱུར་བགྲོད་གཞུང་ལམ་”ལྟ་ཞིབ་ཟིན་ཐོ་
བཀོད་ཐུབ་པ།