འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།དཀའ་སྤྱད་འབད་བརྩོན་བྱས་པ་ན། འཚོ་བ་ལེགས་སུ་འགྲོ་ངེས་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།
   ཚེ་རིང་ཆོས་འཛོམས་ཀྱི་སེར་གས་ཁེངས་པའི་ལག་གཉིས་བྲེལ་མཚམས་མི་འཇོག་པར་ཁྱུག་ཙམ་ཞིག་ལ་ཁོ་མོས་བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཤིག་བཟོས། ཁོ་མོའི་འཁྲིས་སུ་ཡོད་པའི་གྲོང་པས་གད་མོ་དགོད་བཞིན་དུ“ཨ་ཅག་ཁོང་དེ་འདྲ་རེད། སྐད་ཆ་ཤོད་རྒྱུར་དགའ་པོ་མེད། ཡིན་ནའང་ལས་ཀ་བྱེད་སྐབས་ནན་ཏན་ཚ་པོ་ཡོད”ཅེས་བརྗོད།
   འདི་ཁུལ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་ཡོག་རྫོང་རྒལ་གྲོང་ཚོ་རེད། འཚོ་བའི་བར་ཆད་ཀྱི་མདུན་དུ་དམངས་ཕན་སྲིད་ཇུས་རབ་དང་རིམ་པར་བརྟེན་ནས་ཚེ་རིང་ཆོས་འཛོམས་ཀྱིས་ཕྲུ་གུ་གསུམ་སྐྱོང་བའི་ཁུར་པོ་ལྕི་པོ་ཕྲག་ཏུ་ཁུར་བ་མ་ཟད། ད་དུང་གྲོང་ཚོའི་བུད་མེད་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད། 2020ལོར། ཚེ་རིང་ཆོས་འཛོམས་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབད་བརྩོན་བྱ་དགའ་ཐོབ།
   ལོ་20ལྷག་ཙམ་གོང་། ཁྱོ་བོ་ན་སོ་གཞོན་དུས་ནས་སྟབས་མི་ལེགས་པར་ཚེ་ལས་འདས། ལོ་ན་ཕྲ་བའི་ཕྲུ་གུ་གསུམ་ལ་ལྟ་བཞིན་ཚེ་རིང་ཆོས་འཛོམས་སྐྱོ་སྣང་སྐྱེས་ལ་དེ་བས་ག་བྱེད་འདི་བྱེད་མེད་པར་གྱུར།
   བསམ་བློ་ཡང་ཡང་བཏང་བ་བརྒྱུད། ཚེ་རིང་ཆོས་འཛོམས་ཀྱིས“ང་ལ་ལག་གཉིས་ཡོད་པ་དང་ལས་ཀ་བྱེད་ཐུབ་པས། འབད་བརྩོན་བྱས་ན་འཚོ་བ་ཡག་ཏུ་འགྲོ་ངེས་རེད”བསམ་ཞིང་། མཐར་ལས་ལ་བརྩོན་རྒྱུའི་སེམས་ཐག་བཅད། དེ་སྔ་ཕྱི་ལ་གླ་པ་རྒྱུག་མྱོང་མེད་པའི་ཁོ་མོས་སྔོན་ལ་སྦྲ་ཆེན་རྫོང་གི་གསོལ་མགྲོན་ཁང་ཞིག་ཏུ་ཞབས་ཞུ་མའི་ལས་ཀ་བྱས་ནས་ཕྲུ་གུ་ཞིག་དང་འདྲ་བར་ཁོར་ཡུག་གསར་པར་རིམ་བཞིན་འཕྲོད་པར་བྱས། དེ་རྗེས་ཁོ་མོས་རླངས་འཁོར་འཇོག་སར་བདེ་སྲུང་གི་ལས་ཀ་དང་། ཨར་པོ་རྒྱག་ཡུལ་དུ་གླ་པ་སོགས་མང་པོ་བྱས། ཉིན་ལྟར་ཞོགས་པ་སྔ་པོ་ནས་ལས་ཀར་བསྐྱོད་པ་དང་། དགོང་མོ་ཕྱི་པོར་གཞི་ནས་ཁྱིམ་དུ་ལོག་པས། ཕྲུ་གུ་གཉེན་ཉེ་དང་གྲོང་པ་ཁྱིམ་མཚེས་ལ་བཅོལ་རྒྱུ་ལས་མ་འདས།
   མི་མི་ཉུང་བ་ཞིག་གིས་ཚེ་རིང་ཆོས་འཛོམས་ལ“ཁྱིམ་གྱི་འཚོ་བར་དཀའ་ངལ་དེ་འདྲ་ཡོད་རུང་། ད་དུང་ཕྲུ་གུ་སློབ་གྲྭར་གཏོང་གི་ཡོད་དམ། ཁོ་ཚོ་ཁྱིམ་དུ་ཉར་ནས་རང་ལ་དབྱར་རྩྭ་དགུན་འབུ་འཐུ་རོགས་དང་ནོར་ལུག་འཚོ་རོགས་བྱེད་དུ་ཆུགས”ཞེས་ཤོད་ཀྱི་ཡོད།
   ཚེ་རིང་ཆོས་འཛོམས་ཀྱིས་ཀྱང་བསམ་བློ་དེ་འདྲ་གཏོང་མྱོང་མེད་པ་མ་ཡིན་མོད། འོན་ཀྱང་མཐར་ཁོ་མོས་སེམས་ཐག་བཅད་ནས“འཚོ་བ་ག་ཚོད་སྐྱོ་ཡང་ཕྲུ་གུ་ཚོ་སློབ་གྲྭ་འགྲིམ་དུ་འཇུག་གི་ཡིན། སློབ་སྦྱོང་བྱས་ན་གཞི་ནས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་ཀྱི་རེད”ཅེས་བརྗོད།
   2015ལོར་ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་ཚང་མར་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན། ནང་མི་བཞི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁོངས་སུ་བཅུག་པས། ནད་ལྟ་བ་དང་སློབ་གྲྭར་སྐྱོད་པ་སོགས་ཚང་མར་འགན་ལེན་བྱུང་ཡོད།
    འགན་ལེན་སྲིད་ཇུས་མང་པོ་དེ་འདྲ་ལོངས་སྤྱོད་ཐུབ་རུང་། ཚེ་རིང་ཆོས་འཛོམས་ཀྱིས་དུས་ཚོད་འཕྲོ་བརླག་བཏང་ནས་མ་བསྡད་པར་དེ་བས་འབད་བརྩོན་ཆེར་བསྐྱེད་ཀྱིས་ཉིན་མོ་ཉིན་གླ་རྒྱུག་པ་དང་། དགོང་མོ་ལག་ཤེས་ཐོན་རྫས་བཟོ་གི་ཡོད། ད་དུང་ལས་ཀ་ཚར་རྗེས། ཁོ་མོའི་སྤྲོ་བ་ཆེ་ཤོས་ནི་ཕྲུ་གུའི་སྦྱངས་འབྲས་ལ་ཡང་ཡང་བལྟ་རྒྱུ་དེ་རེད། དཀའ་བ་སྤྱད་པར་འབྲས་བུ་ཐོན་པའི་ཉིན་ཞིག་ཤར་བ་སྟེ། 2016ལོར་ཁོ་མོའི་བུ་མོ་རྒན་པ་དབང་མཚོ་ཧུའུ་ནན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ལ་རྒྱུགས་འཕྲོད་པ་དང་། 2017ལོར་ཁོ་མོའི་བུ་མོ་འབྲིང་བ་ཚེ་དཔའ་མོ་དང་བུ་ཆུང་བ་ཚེ་རིང་དབང་པོ་ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་ཧྭ་ཀྲུང་ཞིང་ལས་སློབ་ཆེན་ལ་ཡིག་རྒྱུགས་འཕྲོད།
    གནད་སྨིན་དབུལ་སྐྱོར་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས། ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་ལ་སྲིད་ཇུས་ཀྱི“ཁེ་སྤོགས”དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ད་དུང་གྲོང་ཚོའི་ནང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་བས་ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་ལ་ཡོང་འབབ་བརྟན་པོ་བྱུང་ཞིང་། 2019ལོར་ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་ཚང་བདེ་བླག་ངང་དབུལ་སྒྲོལ་ཐུབ་ནས་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད།
   འཚོ་བའི་ཁུར་པོ་ཡང་དུ་ཕྱིན་ཡང་ཚེ་རིང་ཆོས་འཛོམས་ཀྱི་སེམས་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་པར། ཁོ་མོས་གྲོང་ཚོའི་བུད་མེད་མཉམ་ལས་རྩ་འཛུགས་ནང་ཞུགས་པ་དང་། དུད་སྦྲེལ་སྤྱི་མི་བྱས་པ་མ་ཟད། ད་དུང་གྲོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཅན་ལ་གྱུར། ཁོ་མོ་དང་བུད་མེད་གཅེན་གཅུང་12ཀྱིས་མཉམ་དུ་ཁ་ཏོག་དང་བག་ལེབ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁ་ཟས་ལས་སྣོན་མཉམ་ལས་ཁང་ཞིག་བཙུགས་ནས། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་རེད།