འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།པེ་ཏེན་གྱིས་འགན་བཞེས་པའི་ཉིན་10ནང་སྲིད་འཛིན་བཀའ་རྒྱ་འགའ་འདོན་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་ཨ་རིའི་ཙུང་ཐུང་ཇོ་སེ་ཧྥུའུ་པེ་ཏེན་ཚོགས་པས་པེ་ཏེན་གྱིས་ཚེས་20ཉིན་ལས་འགན་བཞེས་པའི་ཉིན་མོ་དང་ལས་འགན་བཞེས་རྗེས་ཉིན་10ཡི་ནང་སྲིད་འཛིན་བཀའ་རྒྱ་རབ་དང་རིམ་པར་མིང་རྟགས་བཀོད་ནས། ཏོག་གསར་རིམས་ནད་དང་རིམས་ནད་ལས་བྱུང་བའི་དཔལ་འབྱོར་ཉམས་ཉེན། གནམ་གཤིས་འགྱུར་ལྡོག་གི་གནད་དོན། རིགས་རྒྱུད་འདྲ་མཉམ་མིན་པ་བཅས་ཀྱི་ཉམས་ཉེན་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད། 
   པེ་ཏེན་ཚོགས་པས་གསར་འགྱུར་གནད་བསྡུས་ཤིག་གི་ནང་། པེ་ཏེན་ལས་འགན་བཞེས་རྗེས་འདེམས་བསྐོའི་ནང་དུ་ཁས་བླངས་པ་ལྟར་གོང་གསལ་གྱི་ཉམས་ཉེན་བཞི་ཐག་གཅོད་བྱེད་འགོ་བཙུགས་ནས་ཏང་ནའོ་ཐེ་རོན་ཕུའི་སྲིད་གཞུང་གིས་བཟོས་པའི་གནོད་འཚེ་ཆེ་ཤོས་དེ་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་མ་ཟད། “རྒྱལ་ཁབ་མདུན་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་”ཞེས་བཤད་པ་རེད། 
    གསར་འགྱུར་དེ་ནི་ཕོ་བྲང་དཀར་པོའི་གཞུང་དོན་ཐིང་གི་ཀྲུའུ་རེན་གྱི་འགན་འཁུར་གྲབས་ཡོད་པའི་ལའོ་ཨེན་ཁེ་ལའེ་ཨིན་གྱིས“གོ་གནས་འཁུར་གྲབས་ཡོད་པའི་ཕོ་བྲང་དཀར་པོའི་མཐོ་རིམ་དཔོན་རིགས”ལ་སྤྲད་པ་ཞིག་རེད།    ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཨ་རིའི་ཙུང་ཐུང་གིས་ནམ་རྒྱུན་ལས་གནས་སུ་བུད་མ་ཐག་སྲིད་འཛིན་བཀའ་རྒྱ་རབ་དང་རིམ་པར་མགྱོགས་པོར་མིང་རྟགས་འགོད་སྲིད་པའི་དཔྱད་བརྗོད་བྱས་ཡོད། 
   གསར་འགྱུར་མདོར་བསྡུས་ནང་པེ་ཏེན་གྱིས་འགན་བཞེས་རྗེས་ཀྱི་ཉིན་10ཡི་ནང་མིང་རྟགས་འགོད་རྒྱུ་ཡིན་པའི་སྲིད་འཛིན་བཀའ་རྒྱ་རེ་རེ་བཞིན་བཀོད་ཡོད་པ་རེད། 
    འགན་བཞེས་པའི་ཉིན་དེར། པེ་ཏེན་གྱིས“ཧ་ལམ་རྣམ་གྲངས་12ཙམ”གྱི་སྲིད་འཛིན་བཀའ་རྒྱའི་ཐོག་མིང་རྟགས་འགོད་རྒྱུ་དང་། དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་མཐུན》ནང་བསྐྱར་དུ་ཞུགས་རྒྱུ་དང་། རྒྱལ་ཁབ་ཁག་གཅིག་ལ་དམིགས་པའི་གནས་སྤོས་ཡུལ་མི་རྒྱལ་ཁོངས་སུ་འཛུལ་བའི་“བཀག་རྒྱ”ཕྱིར་འཐེན་བྱ་རྒྱུ། “རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱུ་ནོར(འཛུགས་སྐྲུན་དང་ས་ཆ)ནང་དང་མངའ་སྡེ་སྒྲོལ་ནས་ཡུལ་སྐོར་བྱེད་སྐབས”ངེས་པར་དུ་ཁ་རས་རྒྱག་དགོས་པའི་ཉིན་བརྒྱའི་བཙན་ཤེད་བཀའ་རྒྱ་གཏོང་རྒྱུ་བཅས་ཚུད་ཡོད་པ་རེད། 
   འགན་བཞེས་པའི་ཉིན་གཉིས་པར། པེ་ཏེན་གྱིས་སྲིད་འཛིན་བཀའ་རྒྱ་མང་པོར་མིང་རྟགས་འགོད་རྒྱུ་ཡིན་པ་དང་། “ཏོག་གསར་ཉམས་ཉེན་གྱི་འཕེལ་རིམ་ལ་འགྱུར་ལྡོག་གཏོང་རྒྱུ་མ་ཟད། བདེ་འཇགས་ངང་སློབ་གྲྭ་བསྐྱར་དུ་འཚོག་པ་དང་ཚོང་ལས་བསྐྱར་དུ་གཉེར་བ”ཞེས་པའི་བྱེད་ཐབས་ནང“ཞིབ་བཤེར་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ངལ་རྩོལ་པར་སྲུང་སྐྱོང་བྱེད་པ། སྤྱི་པའི་འཕྲོད་བསྟེན་ཚད་གཞི་ཁ་གསལ་བཟོ་བ”བཅས་ཚུད་ཡོད་པ་རེད། 
   ཨ་རི་ནི་གོ་ལ་ཧྲིལ་པོ་ལས་ཏོག་གསར་རིམས་ནད་ཀྱི་གནོད་པ་ཐེབས་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ཁྲི་40ཙམ་ཟིན་གྱི་ཡོད་པ་རེད། ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རིམས་ནད་ཐོན་མ་ཐག་དང་བསྡུར་ན་ཨ་རིའི་ལས་ཞུགས་ལས་གནས་ཁྲི་1000ཉུང་དུ་ཕྱིན་ཡོད་པ་རེད། 
    གཞན་ཡང་པེ་ཏེན་གྱིས་འགན་བཞེས་པའི་ཉིན་དེར་རྒྱལ་ཚོགས་ལ་གནས་སྤོས་ཡུལ་མིའི་ཁྲིམས་དོན་གྲོས་གཞི་འབུལ་རྒྱུ་རེད། རུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲིམས་དོན་གྲོས་གཞི་དེ་ཁྲིམས་འགལ་གྱི་གནས་སྤོས་ཡུལ་མི་ཁྲི་བརྒྱ་ཕྲག་མང་པོར་ཨ་རིའི་སྤྱི་དམངས་ཀྱི་ཐོབ་ཐང་རག་ཐབས་དང་འབྲེལ་བ་ཡོད་པ་རེད། 
    གསར་འགྱུར་གནད་བསྡུས་ནང་ད་དུང་། ཟླ་1ཚེས་25ཉིན་ནས་ཟླ་2ཚེས་1ཉིན་བར་པེ་ཏེན་གྱིས་སྲིད་འཛིན་བཀའ་རྒྱ་མང་པོར་མིང་རྟགས་འགོད་རྒྱུ་ཡིན་པ་དེ། ཨ་རིའི་ཐོན་རྫས་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་མང་དུ་གཏོང་རྒྱུ་དང་། ཤ་མདོག་དཀར་པོ་མིན་པའི་མི་རྒྱུད་ཀྱི་སྡེ་ཁུལ་གྱི་དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་རྒྱབ་སྐྱོར་བྱ་རྒྱུ། ཉེས་དོན་ཁྲིམས་འཛིན་རྒྱུད་ཁོངས་སྒྱུར་བཅོས་བྱ་རྒྱུ། “ཡོང་འབབ་དམའ་བ་དང་ཤ་མདོག་དཀར་པོ་མིན་པའི་མི་རྒྱུད་ཀྱི་བུད་མེད”སོགས་མི་དེ་བས་མང་བར་སྨན་བཅོས་བདེ་སྲུང་ཐོབ་རྒྱུ་བཅས་དང་འབྲེལ་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835445.html)