འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།འགག་རྩའི་ཐ་སྙད་དྲུག་ནས་མཚོ་སྔོན་གྱི་དྲ་འཕྲིན་གཏམ་རྒྱུད་གླེང་བ།

 (སྨད་ཆ)

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འགག་རྩའི་ཐ་སྙད་བཞི་པ། བདེ་འཇགས་འགོག་སྲུང་།
    དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་མི་དམངས་ལ་རྟེན་དགོས། གློག་འཕྲིན་ཁ་བསླུས་ཇི་ལྟར་བྱས་ནས་རྒྱག་གི་ཡོད་དམ། རིག་ནུས་སྒོ་ལྕགས་ཇི་ལྟར་བྱས་ནས་འབྱེད་ཀྱི་ཡོད་དམ། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཇི་ལྟར་གྱར་གྱི་ཡོད་དམ། འདི་དག་ནི་མི་རྣམས་ཀྱི་བདེ་འཇགས་ལ་ཐུག་པའི་མངོན་མེད་རྐྱེན་ངན་རེད་ལ། དྲ་རྒྱའི་དུས་རབས་ཀྱི་བདེ་འཇགས་ཀྱི་གནད་དོན་ཞིག་ཀྱང་རེད། མཚོ་སྔོན་ཞིང་ཆེན་གྱི་དྲ་དམངས་གྲངས་འབོར་གྱིས་ཞིང་ཆེན་ནང་ཁུལ་གྱི་མི་འབོར་གྱི་བསྡུར་ཚད་ཆེ་ཙམ་བཟུང་ནས། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དྲ་རྒྱའི་བདེ་འཇགས་ཀྱི་འགག་སྒོ་ཡག་པོ་སྲུང་བ་ནི་དྲ་འཕྲིན་འཐབ་ཕྱོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཆེད་མཛེས་སྡུག་ལྡན་པའི་འཚོ་བའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་ཆེད་རེད། ལོ་ལྔའི་རིང་། ཞིང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་བ་གཙོ་གནད་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་སུ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་གྱི་བདེ་འཇགས་ལ་ཞིབ་བཤེར་ཆེན་པོ་བྱས་པ་དང་། ཚོགས་འདུ་གལ་ཆེན་དང་། བྱེད་སྒོ་གལ་ཆེན། མཚམས་ཚིག་གལ་ཆེན་གྱི་སྐབས་སུ་ཞིང་ཆེན་ནང་ཁུལ་གྱི་ཏང་སྲིད་ལས་ཁུངས་ཀྱིས་གཙོ་གནད་དྲ་ཚུགས་ལ་ཉིན་མཚན་བདུན་ལྟ་ཞིབ་བྱས་ཡོད།
   《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དྲ་རྒྱའི་བར་མཐོངས་ཀྱི་སྐྱིད་སྣང་དང་། ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་བཏང་ཡོད།
    འགག་རྩའི་ཐ་སྙད་ལྔ་པ། ཆ་འཕྲིན་དམངས་ཕན།
    ཆ་འཕྲིན་ཅན་མེད་ཚེ་དེང་རབས་ཅན་མེད། ཆ་འཕྲིན་ཅན་ལ་བརྟེན་ནས་མང་ཚོགས་དེ་བས་མང་པོས་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱད་ཡོད། དྲ་ཐོག་ཉོ་སྒྲུབ་དང་། ཐད་གཏོང་། བརྙན་ཐུང་བཅས་ཀྱིས་མང་ཚོགས་ཀྱི་འཚོ་བར་ཕན་ཐོགས་པའི་ལག་ཐོགས་ཁ་པར་གྱི་མཉེན་ཆས་དང་བརྒྱུད་བསྒྲགས་བྱེད་ཐབས་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ལས་བྱུང་བ་ཞིག་རེད། ལོ་ལྔའི་རིང་། སྲིད་འཛིན་གྲོང་ཚོ་3174ལ་འོད་སྐུད་དྲ་ཆེན་ཁྲིད་པ་དང་ཐག་རིང་ས་ཁུལ་ལ་སྦྲེལ་ཚུགས་4G2511བསྐྲུན་པས་གྲོང་མི་ཁྱིམ་ནས་དོན་མི་དགོས་པར“ཡུལ་ཟོག”འཚོང་ཐུབ་ཀྱི་ཡོད།
    5Gའཛུགས་སྐྲུན་གྱི་བཀོད་ཇུས་མགྱོགས་སུ་བཏང་ནས་མིག་སྔའི་བར་ཞིང་ཆེན་ཡོངས་སུ་5Gཡི་སྦྲེལ་ཚུགས་1273བཙུགས་པ་དང་། ཞིང་ཆེན་ནང་ཁུལ་དུ་5Gསྤྱོད་མཁན་དུད་ཚང་ཁྲི་15.31ཟིན་པ་དེ་2019ལོའི་ལོ་མཇུག་དང་བསྡུར་ན་དུད་ཚང་ཁྲི་13.8འཕར་བ་རེད། ཆ་འཕྲིན་ཅན་གྱིས་ཞིང་ཆེན་ཧྲིལ་པོའི་དཔལ་འབྱོར་ལ་ཕན་པ་ཆེན་པོ་སྐྲུན་པ་དང་། ཞིང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་སྤྱི་འདོམས་མཐུན་སྦྱོར་གྱི་འགན་ནུས་གང་ལེགས་བཏོན་ཏེ་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། བྱང་སྐར་སྤུན་བདུན་སྲུང་སྐར་གྱི་ཕྱོགས་སྟོན་བཀོལ་སྤྱོད། IPV6ཡི་གཞི་ཁྱོན་བཀོད་སྒྲིག་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་5Gདང་། གྲངས་གཞི་ཆེན་མོ། སྤྲིན་རྩིས། མི་ཐབས་རིག་ནུས། བཟོ་ལས་དྲ་སྦྲེལ། ཟོག་འགྲེམས་དྲ་བ་སོགས“སྦྲེལ་ཚུགས་གསར་པ་འཛུགས་སྐྲུན”གྱི་རྣམ་གྲངས་འཛུགས་སྐྲུན་བཅས་ལ་སྐུལ་ཁྲིད་བྱས་ཤིང་། གྲངས་འཛིན་མཚོ་སྔོན་དང་། གྲངས་འཛིན་སྲིད་གཞུང་། གྲངས་འཛིན་གྲོང་གསེབ་སོགས་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཆ་འཕྲིན་ཅན་གྱིས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་། སྒུལ་ནུས་གསར་པས་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
   འགག་རྩའི་ཐ་སྙད་དྲུག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁུར་བ།
    ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནི་དམངས་ཡོངས་ཀྱི་འགོག་རྒོལ་དམག་འཐབ་ཅིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་འཐབ་ཕྱོགས་ཀྱིས་ཕྱོགས་གཅིག་གི་འགན་འཁྲི་བརྟན་པོར་བསྲུངས་ཏེ། རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་མཚོན་པའི་རྡོ་ཀ་ཤུ་ཀ་ལྟ་བུར་བརྩིས་ནས“དྲིལ་བསྒྲགས་པ”ཡག་པོ་ཞིག་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་བརྟན་དུ་བཏང་བ་དང་འབྲེལ། “དམག་འཐབ་པ”ཡག་པོ་ཞིག་ཀྱང་བྱས་ཏེ། དཀྲོག་གཏམ་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ནས་མང་ཚོགས་ཀྱིས་རྙོག་འཛིང་ཆེ་བའི་ཆ་འཕྲིན་སྣ་ཚོགས་ཁྲོད་ཡིན་མིན་དབྱེ་འབྱེད་ཡག་པོ་ཐུབ་པར་བྱས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་རྒྱག་རིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་དྲ་སྦྲེལ་གྱི་འཕྲལ་སྡོམ་དང་ལེན་དུས་ཐོག་ཏུ་ཞུས་ཏེ་དྲ་རྒྱ་ཡོངས་སུ་དུས་ཚོད་ཧྲིལ་པོར་སྐོར་ཞིབ་ལྟ་སྐུལ་དང་། དོ་དམ་ཚོད་འཛིན། ཐག་གཅོད་བཅས་བྱས་པ་རེད། དོན་དངོས་མ་ཡིན་པའི་དཀྲོག་གཏམ་ལ་དམིགས་ནས་དཀྲོག་གཏམ་ཐེར་འདོན་གྱི་ཆ་འཕྲིན་2679ཡོངས་བསྒྲགས་བྱས་པ་དང་། དྲ་དམངས་ཀྱིས་དོ་ཁུར་དང་གླེང་མང་བའི་གནད་དོན་239བསྡུ་རུབ་བྱས་པ། གནོད་འཚེ་ཡོད་པའི་ཆ་འཕྲིན་ཁྲི་14ལྷག་ཙམ་ཐག་གཅོད་བྱས་པ་དང་། དྲ་ཚིགས(རྩིས་ཐོ)28ལ་སྐོང་འདྲི་བྱས་པ། ཞིང་ཆེན་ནང་ཁུལ་གྱི་དྲ་ཚིགས་ལས་སྟེགས་ཀྱིས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་གྱི་རྩོམ་ཡིག་ཁྲི་8ལྷག་ཙམ་ཡོངས་བསྒྲགས་བྱས་པར་ལྟ་ཀློག་བྱེད་ཐེངས་དུང་ཕྱུར་2ལྷག་ཙམ་ཟིན་ནས་རིམས་ནད་ཐོན་རིང་མཚོ་སྔོན་ཞིང་ཆེན་གྱི་དྲ་ཐོག་གི་དྲང་ཕྱོགས་དྲིལ་བསྒྲགས་གོ་རིམ་ལྡན་པ་དང་དཀྲོག་གཏམ་ལ་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ། གླེང་ཕྱོགས་ཀྱི་དུས་བབ་ཕྱོགས་ཡོངས་ནས་བརྟན་པོ་ཡོང་བ་བཅས་ཀྱི་འགན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམས་འགོག་དམག་འཐབ་ཀྱི་སྤྱི་ཡོངས་ལ་དྲ་འཕྲིན་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།