འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་བས་མཚོ་སྔོན་གྱི་སློབ་གསོ་ཡུན་རིང་བརྟན་ཐོག་ཡར་འཕེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མཚོ་སྔོན་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། མི་ཁྲི་5ཡན་གྱི་རྫོང་གྲོང་དུ་མཐོ་རིམ་སློབ་འབྲིང་སྤྱིའི་ཆ་ནས་ཁྱབ་པ། མི་ཁྲི་30ཡན་གྱི་རྫོང་གྲོང་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་ཁྱོན་ཡོངས་ལ་ཁྱབ་པ།
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་གོང་འོག་ཀུན་གྱིས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ་དང་། སློབ་གསོ་སྒྱུར་བཅོས་ཤུགས་ཆེན་བྱེད་པ། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་ལ་དམིགས་ནས། ལོ་འཁོར་གྱི་ལས་ཀའི་ལས་འགན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།
    འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། “ནོར་སྲིད་ཆུང་ངུས་དམངས་འཚོ་ཆེན་པོ་བསྒྲུབས་པ”དང་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་བཅས་དུས་མཚམས་ཀྱི་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྤྱིར་ན་ཆེ་རུ་ཕྱིན་པ་དང་། མི་ཁྲི་5ཡན་གྱི་རྫོང་གྲོང་དུ་མཐོ་རིམ་སློབ་འབྲིང་སྤྱིའི་ཆ་ནས་ཁྱབ་པ། མི་ཁྲི་30ཡན་གྱི་རྫོང་གྲོང་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་ཁྱོན་ཡོངས་ལ་ཁྱབ་ནས། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།
    འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཀྱི་གླེང་མང་བ་དང་དཀའ་གནད་ཆེ་བའི་རིགས་ལ་དམིགས་ཏེ། སློབ་ཞུགས་གོང་གི་སློབ་གསོའི་སྔོན་ཐོན་རྫོང་འཛུགས་གཏོད་དང་རྫོང་སྐྱོ་ཁུལ་མཐོར་གཏོང་གི་བྱ་སྤྱོད་སྤེལ་བས། ཞིང་ཆེན་ཡོངས་ཀྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས་45ཡི་ནང་ནས་32ལ་ཕྱོགས་ཡོངས་ནས་ཕན་པ་ཐོབ་པ་དང་། ཞིང་ཆེན་ཚན་པར་བྱས་པའི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་བརྟག་བཤེར་དང་ལེན་ཐུབ་པ། འབྲིང་རྒྱུགས་ཀྱི་སློབ་མ་བསྡུ་བའི་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་གྱི་བུ་ཕྲུག་ལ་འོས་འགན་སློབ་གསོ་འདྲ་མཉམ་ངང་ལོངས་སྤྱོད་ཐུབ་པའི་འགན་ལེན་གང་ལེགས་བྱས་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཁྱབ་གདལ་དང་འགག་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་ཡོད།
    འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས་འོས་འགན་སློབ་གསོའི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་འགན་སྲུང་ཁྲིམས་སྐྱོང་ཐབས་ལམ་ནང་འཇུག་རྒྱུར་སྐུལ་འདེད་བཏང་ཡོད། སློབ་སྦྱོང་དུས་མཚམས་ཁག་ལ་ཁྱབ་པའི་ལོ་15ཡི་རོགས་དངུལ་སྤྲོད་པའི་མ་ལག་བཙུགས་ནས། རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་གང་ཐུབ་བྱས་པ་དང་།“ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་རྐྱེན་གྱིས་ཕྲུ་གུ་གཅིག་ཀྱང་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པའི”གཟི་བརྗིད་ལྡན་པའི་ཁས་ལེན་ལག་བསྟར་བྱས་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཞིང་འབྲོག་པ་གཞོན་ནུ་དང་དར་མས་སྤྱི་སྐད་སློབ་སྦྱོང་བྱེད་པ་ཁྱོན་ཡོངས་ལ་ཁྱབ་རྒྱུ་ལག་བསྟར་ཤུགས་ཆེན་བྱས་པ། ཞིང་ཆེན་ཕྱི་ནང་དང་ཡུལ་གཞན་དུ་འཛིན་གྲྭ་གཉེར་བའི་གཞི་ཁྱོན་བརྟན་ཐོག་རྒྱ་ཆེར་བཏང་བ་དང་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་དབུལ་སྐྱོར་ཆེད་དོན་འཆར་འགོད་མུ་མཐུད་ལག་བསྟར་བྱས་ཏེ། ཞིང་འབྲོག་ཁུལ་གྱི་སློབ་མར་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དེ་བས་མང་བ་མཁོ་འདོན་བྱས་ཡོད།
    འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས་དེང་རབས་ཅན་གྱི་ལས་རིགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ཞིང་། སློབ་གྲྭ་དང་ཁེ་ལས་དབར་མཉམ་ལས་དང་། ཐོན་ལས་དང་སློབ་ཁྲིད་ཟུང་འབྲེལ་གཏིང་ཟབ་བྱས་པ། ལས་རིགས་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་པ། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་མཐོ་རྒྱུགས་ལ་ཕྱོགས་ཡོངས་ནས་ཞུགས་ཆོག་པར་བཟོས་པ་བརྒྱུད། འབྲིང་རིམ་དང་མཐོ་རིམ་ཆེད་ལས་འབྲེལ་མཐུད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།
    འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས་སྣོད་བཅུད་རིག་པ་སོགས་འབུམ་རམས་པའི་ས་ཚིགས་རེ་ཞུའི་ལས་དོན་སྤེལ་ཞིང་། མཐོ་སློབ་ཏུ་བོད་སྨན་རིག་པ་སོགས་ཀྱི་དངོས་ཚན་དང་ཆེད་སྦྱོང་ཚན་ཁག་4ཁ་སྣོན་བྱས་པ་བརྒྱུད། ཉེར་སྤྱོད་རང་བཞིན་གྱི་རྣམ་པའི་དངོས་ཚན་དང་ཆེད་སྦྱོང་ཚན་ཁག་གིས60.58%བཟུང་བ་དང་། སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དྲ་ཐོག་གི་སློབ་ཚན་3923བཀོད་སྒྲིག་བྱས་པ། ཟི་ལིང་སློབ་ཆེན་གྱི་གྲབས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ། མཐོ་སློབ་སློབ་ཐོན་སློབ་མ་ཐོག་མར་ལས་ཞུགས་ཐུབ་ཚད་89.03%ཟིན་ནས་སློབ་གསོ་པུའི་དམིགས་ཚད་བླང་བྱ་ཚད་བརྒལ་ལེགས་གྲུབ་བྱུང་ཡོད།
   འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱི་ས་ཁུལ་ཁག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ཅིང་། དུས་ཐོག་ཏུ་སྒྲིག་སྲོལ་ལམ་སྲོལ་བཙུགས་པ་དང་། མ་དངུལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དཔྱིད་དུས་ཀྱི་སློབ་དུས་རྒྱལ་ཡོངས་སུ་དང་ཐོག་སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱས་པ། དགེ་སློབ་ཁྲི་130སློབ་གྲྭར་ལོག་པ་བཅས་བྱས་པ་ལས། སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་ནུས་ལྡན་ཕྱིན་ཡོད།