འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།བོད་ལྗོངས་ཆབ་མདོའི་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་
དོན་ཐག་གཅོད་ཧུར་ཐག་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཇ་རྟ་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱིས། ཞིང་འབྲོག་པ་53ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་116ལེན་རོགས་བྱས་ནས། ཞིང་འབྲོག་པའི་གླ་ཆ་འགྱངས་ཆད་ཀྱི་འགལ་ཟླ་ཞིག་བསལ་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་ཇ་རྟ་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ས་ཚིགས་ལ་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་བྱས་དོན། ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཞིག་གིས་ཞིང་འབྲོག་ལས་མི་53ལ་དབོར་འདྲེན་གྱི་གྲོན་དངུལ་སྒོར་ཁྲི་116འགྱངས་ཆད་བྱས་པས་སྤྱི་བདེ་ལས་ཁུངས་ཐེ་ཞུགས་བྱས་ཏེ་འདུམ་སྒྲིག་བྱེད་རོགས་ཞེས་བརྗོད། གྱོད་གཞི་ཤེས་རྟོགས་བྱས་རྗེས། ཇ་རྟ་ཐང་ཆེན་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱིས་འཕྲལ་མར་ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་ཤིང་། གནས་ཚུལ་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་མར་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། གནས་ཚུལ་ལ་ཞིབ་བསྡུར་བྱས་པ་དང་འབྲེལ་ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་དེའི་འགན་འཁུར་བ་ཧྥེ་ཆེ་གེ་མོ་ཇ་རྟ་ཐང་ཆེན་དམངས་ཕན་ཉེན་རྟོག་ས་ཚིགས་སུ་སྐད་བཏང་ནས་གནས་ཚུལ་གྱི་འགོ་མཇུག་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། མི་དམངས་ཉེན་རྟོག་པས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཐར་ཕྱོགས་གཉིས་གྲོས་མཐུན་བྱུང་ནས་འགྱངས་ཆད་བྱས་པའི་དངུལ་ཁག་གསུམ་ལ་དབྱེ་ནས་སྤྲད་པ་རེད།
    གནད་དོན་ཐག་གཅོད་ཡག་པོ་བྱས་པས་ཞིང་འབྲོག་མང་ཚོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་ཏེ། ཏང་གིས་ཉེན་རྟོག་པ་ཡག་པོ་གསོ་སྐྱོང་བྱས་པས། ང་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཐུབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་པ་རེད།