འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།ན་ནིང་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.63འཕར་ནས་དུས་མཚུངས་
ལས་སྒོར་དུང་ཕྱུར་ཁྲི་2.82ལྷག་ཙམ་འཕར་བ།

མ་དངུལ་འདང་ངེས་མཁོ་འདོན་བྱས་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཆིའུ་ཡུས།
    ▶ 2020ལོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.63འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་2.82ལྷག་ཙམ་འཕར་བ།
    ▶ སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་34.86ཟིན་ནས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་9.19ལྷག་ཙམ་མང་བ་ཡོད་པ།
    ▶ དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་20.03འཕར་ཏེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་3.15འཕར་ཡོད།
    “2020ལོར་མི་དམངས་དངུལ་ཁང་གིས་བཅོལ་དངུལ་གྲབས་དངུལ་གྱི་སྐྱེད་ཀ་ཐེངས་གསུམ་བཅག་ནས་དངོས་ཚན་དཔལ་འབྱོར་ལ་ཡུན་རིང་གི་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་ཁྲི་1.75མཁོ་འདོན་བྱས་པ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་9ཡི་དངུལ་ལོར་སྲིད་ཇུས་རྒྱབ་སྐྱོར་བྱེད་ཐབས་བཏོན་ནས་དངུལ་ལོར་བསྡོམས་འབོར་ཚད་རན་པོ་དང་འཁོར་རྒྱུག་རང་བཞིན་གྱི་ལུགས་མཐུན་འདང་ངེས་ཀྱི་སྲིད་ཇུས་དམིགས་ཚད་འགན་ལེན་བྱས་ཡོད”ཅེས་ཟླ་1ཚེས་15ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཁྲེན་ཡུས་ལུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་པ་རེད།
    མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2020ལོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.63འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་2.82ལྷག་ཙམ་འཕར་བ་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་34.86ཟིན་ནས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་9.19ལྷག་ཙམ་མང་བ་ཡོད་པའི་ཁྲོད་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་20.03འཕར་ཏེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་3.15འཕར་ཡོད། ཟམ་མི་ཆད་པའི་དངུལ་རྩའི་དངུལ་བུན་གྱིས་དངོས་ཚན་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད།
   —— མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.63མང་དུ་བཏང་བ་དེ་ཡིད་རྟོན་དངུལ་བུན་མང་ཆེ་བ་བཟོ་སྐྲུན་ལས་རིགས་དང་ཁེ་ལས་འབྲིང་ཆུང་ལ་གཏོང་ཐུབ་པ་བྱུང་ཡོད།
   ཉིན་གུང་གི་ཟ་མ་ཟ་བའི་སྐབས་སུ་ཧྥུའུ་ཅན་སེན་ཧྲེ་ཨན་གློག་རྡུལ་ལས་གྲྭ་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་ནང་ཚོང་ཟོག་མངགས་མཁན་གྱི་ཁ་པར་གྱི་ཐིར་སྒྲ་ཡང་ཡང་གྲགས་པས། ཐོ་འགོད་མཁན་ལས་དོན་མི་སྣ་ལྟོ་ཟ་བའི་ཁོམ་པ་མེད། “སྟབས་ལེགས་པ་ཞིག་ལ་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་200གཡར་བྱུང་། ང་ཚོའི་རིག་ནུས་དྲོད་ཚད་ལྟ་ཆས་དུས་བཀག་ལྟར་དྲ་ཐོག་ནས་ཚོང་ཐུབ་པ་བྱུང་བས། ཚོང་ཧ་ཅང་ཡག་པོ་འདུག”ཅེས་ཀུང་སིའི་འགན་འཁུར་བ་ཧོང་ཝེ་མུའུ་ཡིས་བཤད།
   “2020ལོའི་ལོ་མཇུག་ཏུ་ཀུང་སིའི་འཛུགས་སྐྲུན་རྣམ་གྲངས་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་མངགས་ཐོ་ཡང་དེ་དང་ཆབས་ཅིག་མང་དུ་ཕྱིན། འོན་ཀྱང་འཁོར་རྒྱུག་མ་དངུལ་མི་འདང་བར་བརྟེན་ཁེ་ལས་སྐབས་ཤིག་རིང་ལས་མཚམས་འཇོག་དགོས་པའི་གནས་ལ་གྱར་སོང”ཞེས་ཧོང་ཝེ་མུའུ་ཡིས་བརྗོད་བྱུང་། འཛུགས་སྐྲུན་དངུལ་ཁང་ཕུའུ་ཀྲོའུ་གྲོང་ལྷོ་ཉིང་ལག་དངུལ་ཁང་གིས་གནས་ཚུལ་དེ་ཤེས་རྗེས་མགྱོགས་མྱུར་ཁེ་ལས་ལ་གཏའ་འཇོག་དངུལ་བུན་སྒོར་ཁྲི་200བཏང་ནས་ཁེ་ལས་འཁོར་སྐྱོད་སླར་གསོ་ཐུབ་པའི་འགན་ལེན་བྱས།
    2020ལོར་རང་རྒྱལ་གྱིས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སྒྲིག་བྱས་ནས་བཟོ་སྐྲུན་ལས་རིགས་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ལ་དངུལ་བུན་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པས། ལོ་མཇུག་ཏུ་བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་འབྲིང་རིང་གི་དངུལ་བུན་ལྷག་གྲངས་35.2%འཕར་བ་དེ་ན་ནིང་གི་ལོ་མཇུག་ལས་བརྒྱ་ཆའི་གྲངས་20.3གྱིས་མཐོ་བ་ཡོད་པ་དང་ཟླ་བཅུ་བཞི་བསྟུད་མར་འཕར་ཡོད། གྲངས་འབོར་ཉུང་བའི་དངུལ་བུན་སྒོར་30.3%འཕར་བ་དེ་ན་ནིང་གི་ལོ་མཇུག་ལས་བརྒྱ་ཆའི་གྲངས་7.2ཀྱིས་མཐོ་བ་ཡོད་པ་རེད།
   —— མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.63མང་དུ་བཏང་བས་དངུལ་རྩས་དངོས་ཚན་དཔལ་འབྱོར་གྱི་གཙོ་གནད་ཁྱབ་ཁོངས་ལ་གནད་སྨིན་རོགས་སྐྱོར་བྱས་པ།
   ཀོང་ཏུང་ཞིང་ཆེན་ཧུའེ་ཏུང་རྫོང་ལེན་ཐུང་གློག་འདྲེན་འགྱིག་ཆས་བཟོ་གྲྭའི་འགན་འཁུར་བ་ལིའུ་པི་རུའེ་ཡིས“ང་ཚོས་བཟོས་པའི་གློག་གི་ཐེབས་བཀྱགས་ཐོན་རྫས་ལ་ཉེ་དུས་སྤུས་ཚད་བདེན་དཔང་རག་པས། ཚོང་ཧ་ཅང་ཡག་པོ་འདུག”ཅེས་བརྗོད་བྱུང་།
   ཟླ་བ་ཁ་ཤས་ཀྱི་གོང་དུ་ལིའུ་པི་རུའེ་ཡིས་འཁོར་རྒྱུག་མ་དངུལ་ལ་སེམས་ཁྲལ་བྱེད་པའི་སྐབས་སུ། མི་དམངས་དངུལ་ཁང་ཀོང་ཀྲོའུ་ཡན་ལག་དངུལ་ཁང་གི་མཛུབ་ཁྲིད་འོག་ཧུའེ་ཏུང་ཞིང་ལས་ཚོང་ལས་དངུལ་ཁང་གིས་མགྱོགས་མྱུར་ཀྲུང་དབྱང་དངུལ་ཁང་གི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་ནས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་134.75བཏང་བས། ལས་མི་100ཡི་ལས་ཞུགས་འགན་ལེན་བྱུང་བ་མ་ཟད། ཁེ་ལས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ཡོད།
   དངུལ་ལོར་སྲིད་ཇུས་ཐད་ཀར་ལག་ལེན་བྱས་ཏེ་ཕྲན་ཚེགས་ཁེ་ལས་དཀའ་ངལ་ལས་སྒྲོལ་རོགས་བྱས་ཤིང་། 2020ལོའི་ཟླ་6ཚེས་1ཉིན་མི་དམངས་དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་གྱི་དངུལ་ལོར་སྲིད་ཇུས་གཉིས་ཏེ་ཕྲན་ཚེགས་ཁེ་ལས་ཕན་པའི་མ་གནས་ཀྱི་དབུལ་བུན་གྱི་སྐྱེད་ཀ་ནར་འགྱངས་སྲིད་ཇུས་དང་ཡིན་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འཆར་གཞི་བཏོན་ཡོད། “བྱེད་ཐབས་དེ་གཉིས་ཀྱིས་ཀྲུང་དབྱང་དངུལ་ཁང་གི་མ་དངུལ་སྤྱད་དེ་དངུལ་ཁང་གིས་ཕྲན་ཚེགས་ཁེ་ལས་ལ་ཕན་པའི་དངུལ་བུན་ནར་འགྱངས་བྱེད་དགོས་རིགས་ནར་འགྱངས་བྱ་རྒྱུའི་ལྕག་སྐུལ་བྱས་པ་མ་ཟད། ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་བཏང་ཡོད། 2020ལོར་ལོ་ཧྲིལ་པོར་དངུལ་ཁང་ལས་རིགས་ཀྱིས་རིམ་རྩིས་བྱས་ན། དངུལ་བུན་སྒོར་དུང་ཕྱུར་ཁྲི་7.3ཡི་མ་གནས་སྐྱེད་སྤྲོད་དུས་ཚོད་ནར་འགྱངས་བྱས་ཡོད། རིམ་རྩིས་བྱས་ན། གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་ཁྲི་3.9བཏང་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་1.6འཕར་ཡོད”ཅེས་ཁྲེན་ཡུས་ལུའུ་ཡིས་བཤད། སྤྱི་ཡོངས་ནས་བལྟས་ན། 2020ལོར་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐད“གྲངས་འབོར་འཕར་བ་དང་། སྐྱེད་ཀ་ཆག་པ། ཁྱབ་རྒྱ་ཆེ་བ”བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2020ལོའི་ལོ་མཇུག་བར་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་15.1ཟིན་པ་དེ་དུས་མཚུངས་ལས་30.3%འཕར་ཡོད།
   —— མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.63མང་དུ་བཏང་བས་དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་ཕྱིན་པ་དང་དངོས་ཚན་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མངོན་གསལ་དོད་པོས་ཆག་པ།
   2020ལོར་རང་རྒྱལ་གྱི་སྐྱེད་ཚད་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་གསོག་འབོར་འཕར་ཆག་སྐྱེད་ཚད་དངུལ་བུན་གོང་ཚད་གཏན་འཁེལ་གཞི་རྩའི་ཚད་གཞི་གཞན་སྒྱུར་དུས་བཀག་ལྟར་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། སྐྱེད་ཚད་སྒྱུར་བཅོས་ཀྱི་ཕན་པ་མུ་མཐུད་ཐོབ་པ། དངུལ་ལོར་སྲིད་ཇུས་ཁྲིད་སྟོན་གྱི་ཕན་འབྲས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ཁེ་ལས་ཀྱི་དངུལ་བུན་སྐྱེད་ཚད་མངོན་གསལ་དོད་པོས་ཆག་རྒྱུར་སྐུལ་འདེད་བཏང་ཡོད། 2020ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་དངུལ་བུན་རྩིས་བསྐོར་ཆ་སྙོམས་སྐྱེད་ཚད་4.6%ཟིན་ཏེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་0.51ཆག་ནས་2015ལོར་བསྡོམས་རྩིས་བྱས་པ་ནས་བཟུང་གི་ཆུ་ཚད་དམའ་ཤོས་བཏོད་ཡོད། དེ་དང་དུས་མཚུངས། དངུལ་རྩའི་མ་ལག་གིས་ཐབས་བརྒྱ་ཇུས་སྟོང་ངང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བཅག་པར་བརྟེན་དངོས་ཚན་དཔལ་འབྱོར་ལ་ཁེ་བཟང་སྒོར་དུང་ཕྱུར་ཁྲི་1.5སྤྲོད་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཡོད།