འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་16ཉིན།

༄༅།།ཡུན་ནན་གྱིས་ས་མཐོའི་མཚོ་དགུའི་ཆུ་སྤུས་ལེགས་སྒྱར་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་16ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཡུན་ནན་ཞིང་ཆེན་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི “སྲུང་སྐྱོང་ཆེ་མོར་ཐུན་མོང་ཐོག་དམ་འཛིན་དང་གསར་སྤེལ་ཆེ་མོ་མི་བྱེད་རྒྱུ”དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་ཏན་ཏིག་བརྩིས་ཏེ་ཆུ (མཚོ)དཔོན་ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ནས་ས་མཐོའི་མཚོ་ཆེ་གྲས་དགུའི་རྒྱུག་ཁུལ་ལེ་ལག་ཚང་བའི་སྒོ་ནས་བཅོས་སྒྲིག་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་མཚོ་ཁག་གི་ཆུ་སྤུས་ལེགས་སྒྱུར་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཀའོ་སུང་གིས་ཡུན་ནན་ཞིང་ཆེན་གྱིས་ཁྲིམས་ལྟར་མཚོ་སྐྱོང་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྐྱོང་། ལེ་ལག་ཚང་བའི་སྒོ་ནས་མཚོ་སྐྱོང་། འགན་འཁྲི་ཡོད་པའི་སྒོ་ནས་མཚོ་སྐྱོང་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་རྒྱུག་ཁུལ་གྱི་མཚོ་སྐོར་གཙང་སེལ་དང་། སྣོད་བཅུད་གནས་སྤོ། གཏེར་རི་བཅོས་སྒྲིག ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྒྲིག ཆུ་ལམ་བཅོས་སྒྲིག མཚོ་སྐོར་སྣོད་བཅུད་སླར་གསོ། ཆུ་སྤུས་ལེགས་སྒྱུར་མཐོར་གཏོང་། གསར་སྤེལ་དང་འཛུགས་སྐྲུན་བྱེད་དྲགས་པ་བཅོས་སྒྲིག་སོགས་འགག་སྒྲོལ་དམག་འཐབ་ཆེན་པོ་བརྒྱད་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་ས་མཐོའི་མཚོ་ཆེ་གྲས་དགུ་སྲུང་སྐྱོང་བཅོས་སྒྲིག་ཐད“མཚོ་གཅིག་བཅོས་སྒྲིག”ནས“རྒྱུག་ཁུལ་བཅོས་སྒྲིག”ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།
    དེ་དང་ཆབས་ཅིག་ཡུན་ནན་གྱིས་མཚོར་སྲུང་སྐྱོང་བྱེད་པའི་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་བཏང་སྟེ་འཆར་འགོད་སྣེ་ཁྲིད་འདོན་སྤེལ་གྱིས་ས་མཐོའི་མཚོ་ཆེ་གྲས་དགུར“མཚོ་རེར་སྲོལ་ཡིག་རེ”ལག་བསྟར་དང་། མཚོ་ཁག་ལ་སྲོལ་ཡིག་སྔར་བས་བཟོ་བཅོས་དང་ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་སྲོལ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ། ལམ་ལུགས་བཅས་20ལྷག་ཙམ་བཏོན་ནས་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ས་མཐོའི་མཚོ་ཆེ་གྲས་དགུ་ཡི་སྲུང་སྐྱོང་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ཡོད། ལྟ་ཞིབ་དང་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2018ལོའི་ཚུན་དུ་ས་མཐོའི་མཚོ་ཆེ་གྲས་དགུ་ཡི་སྲུང་སྐྱོང་བཅོས་སྒྲིག་ལས་དོན་ལ་དམིགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ལྟ་ཞིབ་བརྒྱུད་གནད་དོན་667ཤེས་རྟོགས་ཐུབ་པའི་ཁྲོད་གནད་དོན་591དག་ཐེར་བྱས་ཟིན་པ་དང་། དག་ཐེར་བྱེད་ཐབས་ཁྱོན་1736གཏན་འཁེལ་བྱས་པའི་ཁྲོད་བྱེད་ཐབས་1620དག་ཐེར་ཟིན་ཡོད།
    གཞན་ཡང་ཡུན་ནན་གྱིས་སྤྱི་དམངས་ཞུགས་ཤུགས་ཆེ་རུ་བཏང་སྟེ་མཚོ་རྒྱུག་ཁུལ་གྱིས་ཆུ (མཚོ)དཔོན་ལམ་ལུགས་དེ་གྲོང་སྲོལ་དམངས་ཆིངས་ནང་འཇུག་རྒྱུར་སྐུལ་འདེད་བཏང་ནས“ཁེ་ལས་ཀྱི་ཆུ་དཔོན”དང“དམངས་ཁྲོད་ཀྱི་ཆུ་དཔོན” “སློབ་མའི་ཆུ་དཔོན”སོགས་ཀྱི་བྱེད་ཐབས་སྤྱད་དེ་མཚོ་སྲུང་སྐྱོང་བཅོས་སྒྲིག་ནང་ཞུགས་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལུའུ་ཀུའུ་མཚོ་དང་ཧྥུའུ་ཤན་མཚོ་སོགས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚོར་དཔྱད་བསྡུར་གཏན་འབེབས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཉེ་འགྲམ་གྱི་བདེ་སྐྱིད་ལྡན་པའི་མཚོར་བསྐྲུན་ནས་སྤྱི་དམངས་ཀྱིས་མཚོར་གཅེས་སྤྲས་བྱེད་པའི་རྣམ་པ་བཟང་པོ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན།“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་ཨེར་ཧའེ་མཚོ་ཡོངས་ཀྱི་ཆུ་སྤུས་ཟླ་31རིང་IIརིམ་པར་སླེབས་ཏེ “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱུང་ཡོད། དབྱང་ཙུང་མཚོ་འདི་ཉིད་སྤུས་ཚད་Vརིམ་པ་ནས་IIIརིམ་པར་སླར་གསོ་བྱུང་བ་དང་། ཏན་ཁྲེ་རྫིང་བུ་འདི་ཉིད་2018ལོར་མཚོ་ཡོངས་ཀྱི་ཕྱོགས་བསྡུས་གདེང་འཇོག་IVརིམ་པར་སླེབས་ཏེ་ལོ་30ཚུན་གྱི་ཆུ་སྤུས་ཡག་ཤོས་སུ་སླེབས་ཡོད། 2020ལོའི་ཟླ་1ནས་11བར་ཧྥུའུ་ཤན་མཚོ་དང་ལུའུ་ཀུའུ་མཚོ་Iརིམ་པར་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་སྟེ་ཆུ་སྤུས་ལེགས་པ་དང་། ཨེར་ཧའེ་མཚོར་རྒྱལ་ཁབ་ཀྱིས་དཔྱད་ཞིབ་བྱས་པའི་མཚོ་དཀྱིལ་གྱི་ཆུ་སྤུས་IIརིམ་པར་སླེབས་པ་དང་མཚོ་ཡོངས་ཀྱི་ཆུ་སྤུས་IIIརིམ་པར་སླེབས་པ། དབྱང་ཙུང་མཚོ་IIIརིམ་པ་རྒྱུན་འཁྱོངས་ཐུབ་སྟེ་ཆུ་སྤུས་ལེགས་པ། ཏན་ཁྲེ་རྫིང་བུ་ཡི་ཚའོ་ཧའེ་མཚོ་དང་ཁྲེང་ཧའེ་མཚོ (ཧྥུའུ་སྒྱུར་རྫས་དང་PHསྟོན་གྲངས་ཕུད)IVརིམ་པ་རྒྱུན་འཁྱོངས་བྱས་པ། ཏན་ཁྲེ་རྫིང་བུ་ཡི་ཝའེ་ཧའེ་མཚོ་དང་། དབྱི་ལུང་མཚོ། ཤིང་ཡུན་མཚོ་སོགས་ཀྱི་སྦགས་བཙོག་སྟོན་གྲངས་གཙོ་བོ་ཆག་པའི་རྣམ་པ་མངོན་ཡོད།